རྒྱ་གར་གྱི་ཚད་མའི་བརྒྱུད་པ་མི་འདྲ་བའི་སྐོར།

སྤེལ་དུས།  2017-12-15   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།    ཀློག་གྲངས།  

རྒྱ་གར་གྱི་ཚད་མའི་བརྒྱུད་པ་མི་འདྲ་བའི་སྐོར།

སྤྱིར་ན་ཚད་མ་རིག་པའི་བརྒྱུད་པ་ག་ཚོད་ཡོད་མེད་དེ་གསལ་བོར་བཤད་པའི་བོད་ཀྱི་གཞུང་ཞིག་མ་མཐོང་མོད། ད་ལྟ་བོད་ཀྱི་བསྟན་བཅོས་དག་བཤད་པ་ལྟར་ན་རྣམ་འགྲེལ་གྲུབ་མཐའི་ཁུངས་གང་ཡིན་པའི་ལུགས་དང་འཆད་སྲོལ་གང་ཡིན་པའི་ལུགས་གཉིས་ཡོད།

 1རྒྱ་གར་ལ་ནང་བའི་ཚད་མ་ལ་དབུ་སེམས་ཀྱི་ཚད་མའི་སྲོལ་གཉིས་སྣང་མོད།ཡོངས་གྲགས་སུ་སེམས་ཙམ་པའི་ལུགས་ཀྱི་ཚད་མ་འདི་ཉིད་གྲགས་ཆེ། ཚད་མ་མདོ་དང་སྡེ་བདུན་བཅས་གྲུབ་མཐའི་གང་ཞིག་ཡིན་པ་ནི་མཁས་པ་རྣམས་ལ་བཞེད་པ་མི་མཐུན་པ་གང་མང་ཞིག་ཡོད་དེ། ཀུན་མཁྱེན་འཇམ་དབྱངས་བཞད་པས"རང་ལུགས་བསྟན་བཅོས་འདིའི་ཡོངས་རྫོགས་གྲུབ་མཐའ་གཅིག་ལ་བཀྲལ་མི་རུང་"ཞེས་"ལུགས་བརྒྱ་ཕྲག་སོགས་གཞུང་སོ་སོ་ནས་བཤད་གསུངས"

( 1)རྒྱན་མཁན་པོ་ཤེས་འབྱུང་བློ་གྲོས་ཀྱིས་ངོ་བོ་ཉིད་མེད་པ་ཐལ་འགྱུར་བའི་ལུགས་སུ་བཀྲལ།

(2)ཞི་འཚོ་ཡབ་སྲས་དང་ཛེ་ཏཱ་རིས་ངོ་བོ་ཉིད་མེད་པའི་རང་རྒྱུད་པའི་ལུགས་སུ་བཀྲལ།

(༣)ལྷ་དབང་བློ་དང་ཤཱཀྱ་བློ། སློབ་དཔོན་ཆོས་མཆོག་གསུམ་གྱིས་སེམས་པའི་ལུགས་སུ་བཀྲལ། སེམས་ཙམ་དུ་བཀྲལ་བའི་ལུགས་སུའང་བྱེ་བྲག་གང་ཡིན་མི་མཐུན་སྟེ་སློབ་དཔོན་ཆོས་མཆོག་གིས་རྣམ་རྫུན་པའི་ལུགས་དང་ཛེ་ཏཱ་རིས་རྣམ་བདེན་སྣ་ཚོགས་གཉིས་མེད་པའི་ལུགས་སུ་བཤད།

2བཤད་སྲོལ་གྱི་དབང་དུ་བྱས་ན་བོད་གཞུང་མང་བོ་ལས་ལྷ་དབང་བློའི་ལུགས་དང་། ཤཱཀྱ་བློའི་ལུགས་ཏེ་ལུགས་མི་འདྲ་བ་གཉིས་ཀྱི་བཤད་སྲོལ་གཉིས་ཡོད་པར་བཤད་དེ་དཔལ་མང་པཎ་ཊི་ཏས"ལྷ་ཤཱཀ་གི་འགྲེལ་བ་གཉིས་ཀྱི་སྟེང་ནས་བཤད་སྲོལ་སོ་སོར་གནང་བའི་རྗེས་སུ་འབྲངས་ནས།རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད་དང་།ས་བཅད་ཆེན་མོ།རྣམ་ངེས་དང་རིགས་ཐིགས་ཀྱི་འགྲེལ་བ་སོགས་དང་།མཁས་གྲུབ་ཐམས་ཅད་མཁྱེན་པས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་ཡིད་ཀྱི་མུན་སེལ་སོགས་མཛད།"

"ལྷ་ཤཱཀ་གི་འགྲེལ་གཉིས་ཀྱི་སྟེང་ནས་བཤད་སྲོལ་སོ་སོར་གནང་བའི་རྗེས་སུ་འབྲངས་ནས། རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྣམ་འགྲེལ་ཐར་ལམ་གསལ་བྱེད་སོགས། མཁས་གྲུབ་ཐམས་ཅད་མཁྱེན་པས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་ཡིད་ཀྱི་མུན་སེལ་སོགས་མཛད།"

"རྒྱལ་ཚབ་དར་མ་རིན་ཆེན་གྱིས་དེའི(འཐད་ལྡན་ཆེ་ཆུང)རྗེས་སུ་འབྲང་ནས་རྣམ་འགྲེལ་ཀྱི་བཤད་པ་མཛད།མཁས་གྲུབ་དགེ་ལེགས་དཔལ་བཟང་བོས། རྣམ་འགྲེལ་ལེའུ་དང་བོའི་རང་འགྲེལ་དང་ལེའུ་ཕྱི་མ་གསུམ་ལ་ལྷ་དབང་བློ་དང་ཤཱཀྱ་བློའི་འགྲེལ་བ་གཉིས་ཡོད་པ་ལས་གཙོ་བོར་ལྷ་དབང་བློའི་རྗེས་སུ་འབྲང་ནས་བཤད་པ་མཛད་པས། རྗེའི་སྲས་གྱི་ཐུ་བོ་གཉིས་གྱི་ཚིག་ཟིན་འགའ་རེ་མི་མཐུན་པར་བྱུང་བའི་རྒྱུ་མཚན་དེ་ཡིན་ཞེས་བླ་མ་གོང་མ་དག་གིས་གསུངས་སོ། །རྒྱལ་ཚབ་རྗེས་རིགས་པའི་རྗེས་འབྲང་གི་ལུགས་འཆད། མཁས་གྲུབ་རྗེས་ལུང་གི་རྗེས་འབྲང་གི་མདོ་སྡེ་བའི་ལུགས་འཆད་ཅེས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་གསུངས།"ཞེས་བཤད་སྲོལ་མི་འདྲ་བ་གཉིས་ཡོད་པར་བཤད་ཅིང་ལུགས་དེ་གཉིས་རྣམ་འགྲེལ་འཆད་སྟངས་ཀྱི་ཐད་ནས་མི་འདྲ་བ་མ་ཟད། གྲུབ་མཐའི་ཁུངས་གཏུག་སའང་མི་འདྲ་བར་བཤད་ཡོད།

༣འགྲེལ་བ་གནང་སྟངས་ཀྱིས་གསུམ་བཤད་དེ།དབྱི་ཏ་ལིའི་བོད་རིག་པའི་མཁས་པ་ཆེན་པོ་ཏུའུ་ཆུས། ཚིག་འགྲེལ་ལུགས་དང་ཁ་ཆེ་བའི་དོན་འགྲེལ་ལུགས། བྷང་ག་ལའི་གསལ་འགྲེལ་བའི་ལུགས་གསུམ་བཤད། ཤཱཀ་ཀྱཱའི་བློ་དང་དུལ་བ་ལྷ་བཅས་ནི་ཚིག་འགྲེལ་བའི་ལུགས་ཡིན་ཞིང་བོད་ཀྱི་མཁས་གྲུབ་རིན་པོ་ཆེའི་ཚིག་འགྲེལ་བའི་ལུགས་ཡིན་པར་བཤད། ཁ་ཆེའི་དོན་འགྲེལ་བའི་ལུགས་ནི་སློབ་དཔོན་ཆོས་མཆོག་ཡིན་པར་བཤད། ཡིན་ནའང་ལུགས་གསུམ་པ་དེ་སྐྱོང་མཁན་བོད་དུ་བྱུང་མེད་ཟེར། ལུགས་གསུམ་དུ་བགར་བའི་སྲོལ་འདི་བོད་ལ་མཚོན་ན་སྐད་ཆ་གསར་བ་ཞིག་ཡིན།

ལྔ་བ། རྒྱ་གར་དུ་ནང་བའི་ཚད་མ་རིག་པ་ནུབ་ཚུལ།

དུས་རབས་བདུན་པའི་དཀྱིལ་ནས་ཀླ་ཀློའི་དུ་རུ་ཁའི་དམག་གིས་རྒྱ་གར་ནུབ་བྱང་གི་སར་བཙན་འཛུལ་བྱས་ཤིང་དུས་རབས་བཅུ་བའི་སྨད་དུ་རིམ་བཞིན་རྒྱ་གར་གྱི་དབུས་སུ་བཙན་འཛུལ་བྱས་ཏེ་རྒྱ་གར་གྱི་ཆོས་ལུགས་ཡོད་ཚད་ལ་གཏོར་བརླག་ཚབས་ཆེན་ཐེབས། ཁྱད་པར་དུ་དུས་རབས་བཅུ་གཅིག་ལ་སླེབས་དུས་པཱོ་ལཱའོ་(སྒོརྱ)རྒྱལ་རབས་ཀྱི་མཇུག་དང་སཱི་ནཱ(ནླལྦླྷ)རྒྱལ་རབས་དུས་སུ་བཙན་འཛུལ་གྱི་ཤུགས་རྒྱ་གར་ཤར་ཕྱོགས་སུ་སླེབས་པས་ནང་བའི་སློབ་དཔོན་དག་བལ་བོ་དང་བོད་དུ་བྲོས། སྐུ་གསུང་ཐུགས་རྟེན་མཐའ་དག་མེར་བསྲེགས་པས་ད་ལྟ་ནང་བའི་གླེགས་བམ་ཙམ་ཡང་འཚོལ་དཀའ་བར་གྱུར།

མཇུག་མཐར་ནཱ་སཱིའི་རྒྱལ་བོའི་ཕོ་བྲང་ནས་ཀྱང་ལོག་ཆོས་བཀུར་བས་དགོན་པ་མང་བོ་བཤིག་ཅིང་གྲྭ་བ་སྟོངས་པར་བྱས་པས་དུས་རབས་ཉི་ཤུ་བའི་མཇུག་བར་ཕལ་ཆེར་ལོ་ངོ་བདུན་བརྒྱ་ལྷག་ལ་ནང་ཆོས་རྩ་མེད་དུ་གྱུར་བས་ནང་བའི་ཚད་མ་རིག་པའང་དེ་བཞིན་དུ་གྱུར་པ་སྨོས་མ་དགོས།

དུས་རབས་བཅུ་དགུ་བའི་མཇུག་ཏུ་བསྟན་པའི་མེ་རོ་གསོ་བར་འབད་པས་རྒྱ་གར་དུ་ནང་བའི་ཆོས་ཚོགས་དང་ཆོས་ལུགས་སྤེལ་བའི་ལས་འགུལ་བྱུང་། ཉེ་བའི་ལོ་བཅུ་ཕྲག་འགའི་ནང་དུ་ཀྲུང་གོ་དང་འབར་མ། ཉི་ཧོང་བཅས་ནས་ནང་བ་མང་བོ་རྒྱ་གར་དུ་ཡོང་སྟེ་སངས་རྒྱས་ཀྱི་བསྟན་པ་སླར་གསོ་བྱས་ཤིང་རྒྱ་གར་གྱི་མི་མང་བོ་ནང་བསྟན་ལ་སྐྱབས་སུ་སོང་ཞིང་འགའ་རེ་སིངྒལར་རབ་ཏུ་བྱུང་། 1956ལོའི་ཟླ10བར་རྒྱ་གར་གྱི་མི་དམངས་ཀྱི་དབུ་ཁྲིད་པོ་ཧྲི་རབ་འབྱམས་པ་ཨན་པེ་ཏིག་ཁར(B.R.Ambedkar)ཞེས་པས་ཚོགས་ཆེན་ཞིག་ཏུ་ཁོ་རང་ནང་བར་སྐྱབས་སུ་སོང་བ་དང་མི་ནི་ལྷས་བཟོས་པ་མིན་ཞིང་འགྲོ་བ་སེམས་ཅན་འདྲ་མཉམ་ཡིན་པ་སོགས་ནང་བའི་བསྟན་པ་བསྒྲགས་པར་བརྟེན་ཚོགས་ཞུགས་མི་ཁྲི་ལྔ་བཅུ་ཧིན་རྡུའི་ཆོས་ལུགས་བསྒྱུར་ནས་ནང་བར་ཞུགས། ལོ་དེའི་ཟླ་བཅུ་གཉིས་པར་ཁོང་གློ་བུར་དུ་གཤེགས་ནའང་ཆོས་ལུགས་བསྒྱུར་བའི་ལས་འགུལ་རྒྱ་གར་ཡོངས་སུ་ཁྱབ་ཅིང་མི་ཁྲི་སྟོང་མང་བོ་ནང་བར་ཞུགས། ལས་འགུལ་དེ1962ལོར་ད་དུང་མུ་མཐུད་དུ་འབྱུང་བཞིན་ཡོད་ཟེར། དེ་ལས་གཞན་ཕ་ཀི་སི་ཐན་དང་མངྒ་ལ་རྒྱལ་ཁབ། བལ་བོ། འབྲུག་ཡུལ། འབྲས་ལྗོངས་སོགས་སུའང་ནང་བསྟན་ཤིན་ཏུ་དར་ནའང་ནང་བའི་སྔོན་གྱི་ཚད་མ་རིག་པ་སླར་གསོ་བྱེད་དཀའ་བར་གྱུར།

 རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 


བརྒྱུད་འགོད།
0