དགེ་ལུགས་པའི་ཚད་མ་བྱུང་ཚུལ།

སྤེལ་དུས།  2017-12-15   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།   ཀློག་གྲངས།  

དགེ་ལུགས་པའི་ཚད་མ་བྱུང་ཚུལ།

རི་བོ་དགེ་ལུགས་པའི་ཚད་མའི་སྲོལ་འབྱེད་ནི་རྗེ་བླ་མ་སྟེ་ཁོང་ནི་བོད་བརྒྱུད་ནང་བསྟན་སྤེལ་བ་ལ་གཞན་ལས་ལྷག་པའི་བྱས་རྗེས་ཆེ་བ་བཞིན་ཚད་མའི་རིག་པའི་ཐད་ནས་ཀྱང་དེ་ལས་མ་འདས། ཁོང་ཚད་མ་དང་བཅས་པ་ལ་ཤིན་ཏུ་མཁས་ཏེ་སྐབས་དེའི་གསང་ཕུའི་ཕར་ཚད་ཀྱི་སྟོན་པ་བཟང་བ་ལྡན་མ་དཀོན་མཆོག་གིས"དེང་སང་གཙང་ན་མཁས་པ་རེད་མདའ་བ་དང་། དབུས་ན་མཁས་པ་ཙོང་ཁ་བ་ཟེར་བས་ཁྱེད་ཡབ་སྲས་དབུས་གཙང་གི་བསྟན་པའི་བདག་པོར་གྱུར།" ཞེས་གསུངས་པ་ལྟར་གྲུབ་ཅིང་། ཁོང་གིས་རི་བོ་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་ཚད་མའི་སྲོལ་ཕྱེས།

ཁོང་ཚད་མ་ལ་བྱས་རྗེས་ཆེ་བ་ནི་དགུང་ལོ་བཅུ་བདུན་སྟེང་གཙང་ལ་སློབ་གཉེར་ལ་ཕེབས་དུས་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས། "ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པའི། །ཉི་མ་ཟླ་བ་ལྟ་བུར་གྲགས། །འདི་ཡི་འོག་ཏུ་དེ་རྣམས་སྦྱོངས། །" ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པའི་ཉི་ཟླ་ལྟ་བུར་གཙིགས་སུ་བཟུང་བ་རེད།

དེ་བས་སྐབས་དེར་ཚད་མ་ལ་མཁས་པའི་སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་དང་། རེད་མདའ་བ་གཞོན་ནུ་བློ་གྲོས། སྣར་ཐང་མཁན་པོ་ལོ་ཙཱ་བ་དོན་བཟང་།   མཁས་པ་སེང་གེ་རི་བོང་སོགས་བརྟེན་ཏེ"ཚད་མ་རིགས་མཛོད་དང་། ཚད་མ་སྡེ་བདུན། ཚད་མའི་རང་འགྲེལ། ཀུན་བཏུས་རང་འགྲེལ་དང་བཅས་པ། ཚད་མ་རྒྱན་གྱི་འགྲེལ་བ། ལྷ་ཤག་བྲམ་ཟེ་གསུམ་གྱིས་མཛད་པའི་རིགས་འགྲེལ། རྣམ་ངེས་འགྲེལ་བ། ཆོས་མཆོག་གིས་མཛད་པའི་རིགས་ཐིགས་ཀྱི་འགྲེལ་བ་སོགས་དང་། དེ་དག་གི་ནང་ནས་རང་འགྲེལ་གྱི་བཤད་པ་མཛུབ་ཁྲིད་ལན་དུ་མར་གསན་པ་དང་བཅས་པའི་སྒོ་ནས་ལོག་སྨྲ་ཚར་བཅད་པ་དང་། མཁས་པ་མགུ་བ་བསྐྱེད་པའི་གཏིང་ཕྱིན་པ་ཐུགས་སུ་ཆུད་པར་མཛད།" དཔྱད་གཞི་ཡིག་ཆ་ལྟར་ན་ཁོང་དགུང་ལོ་ཉེར་གཉིས་པའི་སྐབས་སུ་ཚད་མ་རིག་པ་ལ་གཙོ་བོར་སྦྱངས་ཤིང་། བླ་མ་རྗེ་བཙུན་པ་ལས་རྒྱས་པའི་བསྟན་བཅོས་རྣམ་འགྲེལ་ཚར་གཅིག་གསན། ལྷག་པར"ཐུགས་དམ་མཛད་པའི་བར་གསེང་ལ་རྣམ་འགྲེལ་གྱི་འགྲེལ་བཤད་རིགས་མཛོད་ལ་གཟིགས་རྟོག་མཛད་ཅིང་། ལེའུ་གཉིས་པའི་སྐབས་ཀྱི་ལམ་གྱི་རྣམ་གཞག་ལ་ལེགས་པར་གཟིགས་པའི་རྐྱེན་བྱས་ནས་ཆོས་ཀྱི་གྲགས་པའི་གཞུང་ལུགས་དང་རིགས་པའི་སྲོལ་དཔག་ཏུ་མེད་པའི་དད་པ་ཤུགས་དྲག་པོ་མནན་པས་མི་ནོན་པ་འཁྲུངས་ཤིང་། སྟོན་དེར་བཞུགས་རིང་རྣམ་འགྲེལ་གྱི་གཞུང་ལ་གཟིགས་པ་ཙམ་ནས་དད་པའི་སྤུ་ལོང་གཡོས་ཏེ་སྤྱན་ཆབ་རྒྱུན་གཅོད་མི་ནུས་པ་རྟག་ཏུ་འོང" བས་གཞན་ལས་ལྷག་པའི་དོ་སྣང་མཛད། དེར་མ་ཟད། བླ་མ་ལོ་ཙཱ་བ་དོན་བཟང་ལས་ཁོང་གིས་མཛད་པའི་ཚད་མའི་ཊཱིཀ་ཀ་གསན་པ་སོགས་རྒྱ་བོད་ཚད་མའི་གཞུང་ལ་ཐོས་པ་རྒྱ་ཆེར་མཛད་ཅིང་གོང་དཀར་རིགས་ལྔའི་ལྷ་ཁང་དང་། མོན་མཁར་བཀྲ་ཤིས་གདོང་། སྐྱོར་མོ་ལུང་།   འོན་བདེ་ཆེན། བཀྲ་ཤིས་དོ་ཁ། ལྷས་ཕུ་དགོན་གསར། གསང་ཕུ་སོགས་སུ་ཚད་མར་མཁས་པའི་སྡེ་སྣོད་འཛིན་པ་མང་བོ་ལ་ཚད་མའི་དཀའ་གནད་ཀྱི་བཤད་པ་རྒྱ་ཆེན་པོར་གནང་ཞིང་སྔོན་གྱི་ཚད་མའི་བཤད་རྒྱུན་མ་དག་པ་མང་བོ་ལ་དག་ཐེར་མཛད།

ཁོང་གིས་དངོས་སུ་བརྩམས་པའི་ཚད་མའི་བསྟན་བཅོས་ལ་སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ་དང་། ཚད་མའི་བརྗེད་བྱང་ཆེན་མོ་སྟེ་ཚད་མའི་ལམ་བསྒྲིགས་གཉིས་ལས་མེད་མོད་ཁོང་གི་ཚད་མའི་གསུང་བཤད་ཟིན་བྲིས་སུ་བཏབ་པ་མང་དུ་ཡོད་དེ་གསུང་འབུམ་ན་བཞུགས་པའི་རྣམ་འགྲེལ་ལེའུ་གསུམ་པ་མངོན་སུམ་ལེའུ་ཊཱིཀ་ཀ་རྗེའི་གསུང་བཞིན་མཁས་གྲུབ་ཆོས་རྗེས་ཟིན་བྲིས་སུ་བཏབ་པ་དང་། བཀྲ་ཤིས་ལྷུན་པོའི་པར་མར་མངོན་སུམ་ལེའུ་བརྗེད་བྱང་ཆེན་མོ་རྒྱལ་ཚབ་ཀྱིས་བཀོད་པ་ལྡེབ་ང་ལྔ་ཅན་ཞིག་དང་བཅས་བརྩམས་པ་གཉིས་དང་ཟིན་བྲིས་གཉིས་ཡོད། སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ་ལས་གཞན་དུ་སྔོན་བྱུང་མ་མྱོང་བའི་དཀའ་གནད་ལྷུག་པོར་བཀྲོལ་བའི་ལེགས་བཤད་ཀྱིས་ཁྱབ་ཅིང་དེ་དག་ལས་བཤད་པའི་ཐུན་མིན་གྱི་ཁྱད་ཆོས་འོག་ཏུ་གླེང་ངོ་། །

 རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 


བརྒྱུད་འགོད།
0