རྗེ་ཙོང་ཁ་བའི་བུ་སློབ་རྣམས་ཀྱིས་ཚད་མའི་འཆད་ཉན་དར་ཞིང་རྒྱས་པར་བྱས་ཚུལ།

སྤེལ་དུས།  2017-12-15   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།   ཀློག་གྲངས།  

རྗེ་ཙོང་ཁ་བའི་བུ་སློབ་རྣམས་ཀྱིས་ཚད་མའི་འཆད་ཉན་དར་ཞིང་རྒྱས་པར་བྱས་ཚུལ།

དགའ་ལྡན་དགོན་པ་ཕྱག་འདེབས་གནང་བ་ནས་རི་བོ་དགེ་ལུགས་པའི་ལྟ་སྒོམ་སྤྱོད་གསུམ་པད་མའི་སྦུབས་བཞིན་གཙང་བའི་དགེ་ལུགས་པའི་བསྟན་པ་བྱུང་ཞིང་། དེ་ཡང་རྗེ་ཙོང་ཁ་བ་དགུང་གྲངས་ང་གཅིག་པར་དཔོན་སློབ་རྣམས་གནས་ངེས་མེད་ཀྱིས་འགྲོ་དོན་ཁོ་ན་མཛད། རྗེ་སྐུ་ན་མཐོ་བའི་སྐུ་ངལ་གྱིས་བུ་སློབ་དང་། སྦྱིན་བདག་རྣམས་ཀྱིས་གདན་ས་ཞིག་གདབ་རྒྱུའི་ཞུ་བ་ནན་གྱིས་ཕུལ་བར་བརྟེན་ཞལ་གྱིས་བཞེས་ནས་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་དང་། དཀའ་བཅུ་བ་རྒྱལ་ཚབ་དར་མ་རིན་ཆེན་སོགས་དམ་པ་དགུ་དང་འགྲོགས་ཏེ་འབྲོག་རི་བོར་བྱོན། ཆུ་མེད་པ་ལ་རྗེ་རིན་པོ་ཆེ་ནས་ཕྱག་མཛུབ་གཏད་པས་ཆུ་བརྡོལ་ཏེ་ཆུ་མིག་སྤྱི་གསོ་བྱ་བ་བྱུང་། དམ་ཅན་ཆོས་རྒྱལ་གྱི་ཞལ་འབག་དང་དུང་དཀར་གཏེར་ནས་བཞེས་ཏེ་གནས་དེར་གདན་ས་བཞེང་རྒྱུ་ཐག་བཅད།

འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་དང་། རྒྱལ་ཚབ་སོགས་དགེ་འདུན་ལྔ་བརྒྱ་ལྷག་ཙམ་ཕེབས་ནས་འདུལ་བའི་ཕྱག་ལེན་བཙུགས། ཕག་གྲུ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་དང་སི་ཏུའི་བརྒྱུད་པ་བློན་རྒྱུད་བྲག་དཀར་ནང་སོ་རིན་ཆེན་ལྷུན་པོ། ནང་སོ་རྒྱ་བོ་སྤུན་མཆེད་རྒྱ་མ་ཁྲི་དཔོན་སོགས་ཀྱིས་སྦྱིན་བདག་བྱས། ལོ་དེ་རང་ལ་ཚོགས་ཆེན་འདུ་ཁང་ཀ་བ108དང་ཀ་རིང12ཡོད་པ་དང་རྗེའི་གཟིམ་ཁང་། གཙང་ཁང་། གྲྭ་ཤག་བདུན་ཅུ་གྲུབ་ཅིང་གྲྭ་ཤག་བརྒྱ་ཕྲག་གི་རྨང་གཞི་བཏིང་། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་ལུང་བསྟན་ལྟར་གདན་སའི་མིང་ལ་དགའ་ལྡན་ཞེས་གསོལ། དེ་ནི་དགེ་ལུགས་པའི་ཚད་མ་དང་བཅས་པའི་ལྟ་སྒོམ་སྤྱོད་གསུམ་སྤེལ་བའི་གཞི་མར་གྱུར་ཏོ། །

དེ་ཡང་རྗེ་བླ་མར་སློབ་མ་རྣམ་དཔྱོད་ཅན་མང་བོ་བྱུང་ཡོད་ལ་དེ་ལས་སྲས་ཀྱི་ཐུ་བོ་གསུམ་དང་འཁོར་དག་པ་རྣམ་བརྒྱད། འཕྲིན་ལས་ཆེ་ལྔ་སོགས་རང་སྐྱ་ཐུབ་པའི་སློབ་མ་བརྒྱ་དང་བཞི་བཅུ་ཞེ་བདུན་བྱུང་བ་དག་ཀྱང་མཁྱེན་རབ་ལ་ཟླ་བྲལ་ཞིང་དགོན་པ་བཏབ་པ་དང་ཚད་མའི་གཞུང་བརྩམས་པ། གདུལ་བྱ་ལ་ཚད་མའི་འཆད་ཉན་སྤེལ་བ་སོགས་ཚད་མ་རིག་པར་བྱས་རྗེས་ཤིན་ཏུ་ཆེ་བ་དག་ཡིན། དེ་དག་ལས་ཀྱང་དགེ་ལུགས་པའི་ཚད་མའི་གཞུང་གི་ཁུངས་གཏུག་ས་ནི་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་བ་དགེ་འདུན་གྲུབ་གསུམ་ཡིན།

རྒྱལ་ཚབ་དར་མ་རིན་ཆེན(1364--1432)ནི་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་དྲུང་ནས་ཚད་མ་སོགས་གཞུང་ལུགས་ཀུན་ལ་སྦྱངས། ཚད་མའི་རིགས་པ་ཕུལ་དུ་བྱུང་བ་རྙེད། ས་སྐྱ་དང་གསང་ཕུ་རྩེད་ཐང་སོགས་སུ་བཀའ་བཅུའི་གྲྭ་སྐོར་མཛད། བོད་ཀྱི་བཀའ་བཅུའི་ཐོག་མའི་སྲོལ་གཏོད། རོང་སྟོན་ཤཱཀྱ་རྒྱལ་མཚན་དང་མཁན་ཆེན་གཡག་པ་སོགས་རྩོད་པས་ཕམ་པར་མཛད། རྩོད་པའི་ཁྱུ་མཆོག་དར་མ་རིན་ཆེན་གྲགས། དགུང་ལོ་ཉེར་ལྔ་བར་རྩེད་ཐང་གྲྭ་སྐོར་གྲུབ་ནས་རྗེ་བླ་མའི་སྙན་པ་གསན་ནས་རྩོད་དུ་ཡོང་། གསུང་བཤད་ཀྱིས་ཡིད་འཕྲོག་སྟེ་སློབ་མར་གྱུར་ནས་ལོ་བཅུ་གཉིས་བར་དུ་ཞབས་ཞུ་མཛད། ཚད་མ་རིག་པ་སོགས་གསུང་ཚད་གསན་ཞིང་གསན་ཚད་བཟུང་། བཟུང་ཚད་མི་བརྗེད་པའི་སློབ་མའི་གཙོ་བོར་གྱུར། རྗེ་བླ་མའི་གསུང་བཤད་གཞིར་བཞག་ནས་རྣམ་འགྲེལ་ཐར་ལམ་གསལ་བྱེད་དང་། རྣམ་ངེས་ཊཱིཀ་ཆེན་དགོངས་པ་རབ་གསལ། ཚད་མ་རིགས་ཐིགས་ཀྱི་ཊཱིཀ་ཀ ལྷ་དབང་བློའི་རྗེས་སུ་འབྲང་བའི་རྣམ་འགྲེལ་གྱི་ས་བཅད་ཆེན་མོ། ཕྱོགས་སྒྲ་འཇུག་ཚུལ་ཉུང་ངུ་། ཚད་མ་མདོའི་ཊཱིཀ་ཀ་མཐར་འཛིན་གདུང་སེལ། ཚད་མ་རིགས་གཏེར་གྱི་ཊཱིཀ་ཀ ཚད་མའི་ལམ་བསྒྲིགས། འབྲེལ་བ་བརྟག་པའི་རྣམ་བཤད་ཅེས་གཞུང་མང་བོ་མཛད། འདི་དག་ནི་ད་ལྟ་མཐོང་རྒྱུ་ཡོད་པའི་གཞུང་སྟེ་ད་ལྟ་ང་ཚོས་མཐོང་མི་ཐུབ་པ་ཡང"རྣམ་ངེས་འགྲེལ་ཆུང་ཞིག་དང་རིགས་ཐིགས་དར་ཊཱིཀ་གནས་མཁན་པོས་ཞུས་པ་རྒྱས་པ་ཞིག" དང་རྣམ་འགྲེལ་གྱི་འགྲེལ་ཆུང་ཞིག་བཅས་ཚད་མའི་བསྟན་བཅོས་ཆེ་ཆུང་བཅུ་གཉིས་བརྩམས་ཡོད།

མཁས་གྲུབ་དགེ་ལེགས་དཔལ་བཟང(1385--1438)ནི་ས་སྐྱར་མཁས་པ་མང་བོའི་ཞབས་ལ་གཏུགས་ཤིང་ཁྱད་པར་རེད་མདའ་བར་བསྟེན་ནས་ཚད་མ་སྡེ་བདུན་སོགས་གཞུང་ལུགས་ཀུན་ལ་སྦྱངས། དགུང་ལོ་བཅུ་བདུན་སྟེང་མཁས་པའི་དབང་བོ་བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་གྱིས་ཚད་མ་རིགས་གཏེར་བཀག་པར་མཛད་པ་རིགས་པས་ཕམ་པར་མཛད། སྐབས་དེའི་རིགས་ལམ་ཕྱོགས་བསྒྲིགས་བྱས་ཏེ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་བརྩམས། རྗེ་བླ་མར་རྩོད་པར་ཡོང་བར་དྲི་བ་དྲི་ལན་བྱས་པས་ང་རྒྱལ་བཅགས་ཤིང་ཁོང་གི་ཡོན་ཏན་གྱིས་ཡིད་འཕྲོག་སྟེ་སློབ་མར་གྱུར། ཚད་མ་སོགས་རྒྱ་ཆེར་གསན་ཏེ་རྗེས་སུ་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་། ཚད་འབྲས་ཆེན་མོ་བརྩམས་པ་བཅས་ཚད་མའི་བསྟན་བཅོས་ཆེན་པོ་གསུམ་ཡོད། དེ་ལས་སྔོན་གྱི་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་གྱི་བཤད་སྲོལ་མང་བོ་འདོར་བར་བྱས་ནས་རྗེ་བླ་མའི་གསུང་ལ་བརྟེན་ནས་བློ་གྲོས་རྒྱས་པའི་ལུང་རིགས་དྲི་མ་མེད་པ་དག་བཀོད། དགུང་ལོ་ཞེ་དགུ་བར་དགའ་ལྡན་གསེར་ཁྲིར་བཞུགས། ཚད་མ་སོགས་གཞུང་བོ་ཏི་ལྔའི་བཤད་གྲྭ་རྒྱ་ཆེན་པོ་བཙུགས་པ་སོགས་རི་བོ་དགེ་ལྡན་རིང་ལུགས་རྒྱ་ཆེར་སྤེལ་བའི་འཕྲིན་ལས་རྒྱ་ཆེན་པོ་བསྒྲུབས།

རྒྱལ་བ་དགེ་འདུན་གྲུབ་ནི་སྣར་ཐང་ཆོས་གྲྭ་ཆེན་པོར་སློབ་གཉེར་གནང་། རྗེ་བླ་མའི་དྲུང་ནས་ཚད་མ་རྣམ་ངེས་དང་ཚད་འགྲེལ་སོགས་གསན། བོ་དོང་བ་དང་མཇལ་ནས་དྲི་བ་དྲིས་ལན་མཛད་པས་ཐམས་ཅད་མཁྱེན་པར་གསོལ། གཙང་བཀྲ་ཤིས་ལྷུན་པོ་ཕྱག་འདེབས་གནང་། རྣམ་འགྲེལ་ཊཱིཀ་ཀ་དང་ཚད་མ་རིགས་རྒྱན་གཉིས་བརྩམས། ཁོང་གིས་བརྩམས་པའི་རིགས་རྒྱན་ནི"རྗེ་བཙུན་བླ་མ་ཙོང་ཁ་བ་ཆེན་པོ་བཀྲ་ཤིས་དོ་ཁར་ཕེབས་པའི་ཚེ་ཚད་མ་རྣམ་ངེས་སྐོར་ལ་དོགས་གཅོད་ཞུས་པའི་ཟིན་བྲིས་དང་། རི་བོ་དགེ་ལྡན་དུ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་ལས་ཚད་མའི་སྐོར་ལ་ཞིབ་བཤད་ཞུས་པ་རྣམས་གཞི་མཛད་ནས་གཞུང་གསར་རྩོམ་མཛད" པས་དགེ་ལུགས་པ་རྣམས་ཀྱིས་ཚད་ལྡན་དུ་རྩི་བཞིན་ཡོད།

རྗེ་སྨོན་ལམ་དཔལ་བ་ནི། དགའ་ལྡན་ཁྲི་ཐོག་བརྒྱད་པ་སྟེ(1414---1491ལོ)ལོར། གཙང་གཡས་རུ་བྱང་གི་ཆར་སྐུ་འཁྲུངས། ཆུང་དུས་ནས་དགེ་འདུན་གྲུབ་དང་རྗེ་ཤེས་རབ་སེང་གེ་སོགས་ལས་མདོ་སྔགས་རབ་འབྱམས་ལ་སྦྱངས། རྩེད་ཐང་དུ་པོ་ཏི་སུམ་ཅུ་སོ་དྲུག་གི་གྲྭ་སྐོར་མཛད། ས་སྐྱ་བའི་མཁས་པ་ཆེན་པོ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་སོགས་རྩོད་པས་ཕམ་པར་བྱས། གཙང་བོའི་ལྷོའི་གྲྭ་ཚང་ཆེན་མོ་དང་། དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ། གསེར་ཁང་གོང་རྣམས་སུ་འཆད་ཉན་རྒྱ་ཆེར་སྤེལ། ཤར་རྩེ་དང་བྱང་རྩེ་བར་གྱི་འཁྲུག་རྩོད་ཆོས་ཕྱོགས་སུ་ཞི་བར་མཛད། 1480ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ཏེ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བླ་ན་མེད་པ་སྤེལ། 1481ལོར་དགའ་ལྡན་འབྲས་སྤུངས་གཉིས་ཀར་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་གསུངས།

ཁོང་གིས་རྣམ་འགྲེལ་མཐའ་དཔྱོད་ཆེན་མོ་བརྩམས་ཤིང་འདི་ནི་དགེ་ལུགས་པས་བརྩམས་པའི་རྣམ་འགྲེལ་གྱི་མཐའ་དཔྱོད་ཆེས་སྔ་མ་ཡིན་ཞིང་ངག་རྒྱུན་ལ་རྗེ་སྨོན་ལམ་དཔལ་བའི་རྣམ་འགྲེལ་ལ་གཟིགས་ན་ཚད་མ་ལ་དགེ་རྒན་མི་དགོས་ཞེས་བཤད་ཚུལ་ཡོད། "རྒྱལ་བ་དགེ་འདུན་རྒྱ་མཚོས། སྨོན་ཊཱིཀ་ལ་ཐུགས་འཕྲོག་པར་བྱུང་ནས་ཕལ་ཆེར་ཐུགས་ལ་བཟུངས་ཏེ་ངའི་ཚད་མའི་སློབ་དཔོན་འདི་ཡིན་གསུང་བའི་བསྔགས་བརྗོད་ཀྱང་མཛད།"

མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་ནི་བཀའ་བབས་ཀྱི་བུ་ཆེན་དྲུག་གི་གྲས་ནས་དཔལ་གསང་བ་འདུས་པའི་འགྲེལ་བ་བཞི་སྦྲགས་དང་། གསང་འདུས་བསྐྱེད་རྫོགས་སོགས་ཀྱི་བཀའ་བབས་ཡིན་ལ། དེ་དུས་རྗེ་བདག་ཉིད་ཆེན་པོས་འགྲེལ་བ་བཞི་སྦྲགས་ཕྱག་ཏུ་བསྣམས་ནས་ཁྱེད་ཅག་མཁས་པ་རྣམས་ཀྱི་ཁྲོད་ན་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་ནུས་པ་སུ་ཡོད་ཅེས་བཀའ་ལན་འགའ་ཞིག་བསྩལ་བ་ན། མཁས་པ་གཞན་སུས་ཀྱང་ཞལ་གྱིས་བཞེས་མ་ནུས་པའི་ཚེ་རྗེ་ཤེས་རབ་སེང་གེ་འདི་ཉིད་ཀྱིས་དེ་ལྟ་བུ་བདག་གིས་བགྱིའོ། །ཞེས་ཞལ་གྱིས་བཞེས་པར་མཛད་པས་རྒྱལ་བ་ཙོང་ཁ་བ་ཆེན་པོ་ཐུགས་ཤིན་ཏུ་དགྱེས་ནས་གསང་བ་འདུས་པའི་གསེར་སྐུ་ཁྱད་འཕགས་དང་། འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ། གཏེར་ནས་བཞེས་པའི་དམ་ཅན་ཆོས་རྒྱལ་གྱི་ཞལ་འབག་འཆམ་གོས་དབྱུག་ཏོ་སོགས་གནང་ནས་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ཏེ། གཙང་ཕྱོགས་སུ་བྱོན་ལ་རྒྱུད་ཀྱི་འཆད་ཉན་མཛོད་དང་། གནོད་སྦྱིན་མ་ཆེན་མོ་ཞིག་གིས་སྦྱིན་བདག་གཙོ་བོ་བྱེད་པར་འདུག་ཅེས་ལུང་བསྟན་ཡང་གནང་།

དེ་ལྟར་རྗེ་རིན་པོ་ཆེས་རྗེ་བཙུན་ཤེས་རབ་སེང་གེ་ལ་ཕ་རྒྱུད་གསང་བ་འདུས་པ་དང་། མ་རྒྱུད་འཁོར་ལོ་སྡོམ་པ་གཉིས་ཀྱི་རྒྱུད་འགྲེལ་དང་། བསྐྱེད་རྫོགས་ཀྱི་ཁྲིད་རྣམས་རྒྱུན་མི་ཉམས་པར་བྱ་བའི་ཕྱིར་རྒྱུད་གྲྭ་འཛུགས་དགོས་པའི་བཀའ་ཕེབས་པ་ལྟར་མཁས་གྲུབ་ཆེན་པོ་ཤེར་སེང་པས་བསྐྱེད་རྫོགས་ཀྱི་ཁྲིད་ཆེན་བརྒྱད་དང་དེའི་སྟེང་ལམ་རིམ་གྱི་ཁྲིད་དང་། དབུ་མ་ཐལ་འགྱུར་བའི་ལྟ་ཁྲིད་བཅས་ཁྲིད་ཆེན་བཅུ་འདེབས་པར་མཛད་ཅིང་། རྒྱུད་ཀྱི་འཆད་ཉན་ཆེ་ཆེར་སྤེལ་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་བཙུགས་ཤིང་། དེ་རྗེས་ཤེར་སེང་གི་སློབ་མ་རྒྱུད་ཆེན་སྦྱིན་པ་དཔལ་བ་ལ་རྒྱུད་ཀྱི་འཆད་ཉན་གཏད། འདུལ་ནག་པ་དཔལ་ལྡན་བཟང་བོས་གཙང་སྲད་དུ་རྒྱུད་གྲྭ་བཙུགས་ནས་འདུས་པའི་བཤད་སྲོལ་སྤེལ། པཎ་ཆེན་བཟང་བོ་བཀྲ་ཤིས་ཀྱིས་གཙང་གངས་ཅན་དུ་མདོ་སྔགས་ཀྱི་བཤད་གྲྭ་བཙུགས། རྗེ་ཀུན་དགའ་དོན་གྲུབ་ཀྱིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་བཙུགས། དེ་དག་ལས་བརྒྱུད་པའི་ཕྱོགས་མཐའ་ཀུན་ཏུ་དགེ་ལུགས་པའི་དགོན་པ་ཇི་སྙེད་ཅིག་རིམ་པར་ཕྱག་བཏབ་ནས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཆེ་ཆེར་དར་བ་ཡིན་ནོ། །ཁོང་གིས་བྱས་རྗེས་ཆེས་ཆེ་བ་ནི་དགེ་ལུགས་པའི་གསང་བ་སྔགས་ཀྱི་སྐོར་ཡིན་མོད་ཀྱང་། ཚད་མ་ལའང་བྱས་རྗེས་ཆེ་སྟེ། ཁོང་གི་གསུང་བཞིན་ཟིན་བྲིས་སུ་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཉི་མའི་འོད་ཟེར་ར་སྟོད་དགོན་པའི་ཚད་མའི་ཡིག་ཆ་ལགས་སོ། །

མདོར་ན་རྗེ་བླ་མས་དགེ་ལུགས་པའི་ཚད་མའི་སྲོལ་གཏོད་ཅིང་ཐུགས་སྲས་གསུམ་གྱིས་རྒྱས་པར་མཛད་པའི་ཡིག་ཆ་བརྩམས་པ་དག་ཕྱི་རབས་དག་གིས་ཁུངས་གཏུགས་སའི་གཞུང་དུ་བྱེད། གྲྭ་སའི་ངག་རྒྱུན་དུ་ཚད་མ་རིགས་རྒྱན་དང་སྡེ་བདུན་རྒྱན་གཉིས་ལ་སྤྱི་དོན་རྣམ་གཉིས་དང་ཐར་ལམ་གསལ་བྱེད་དང་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་གཉིས་ལ་འགྲེལ་ཆེན་རྣམ་གཉིས་ཞེས་བཤད་སྲོལ་ཡོད་དོ།།

 རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 


བརྒྱུད་འགོད།
0