ཕྱོགས་སྒྲའི་སྐབས་ཀྱི་ཕྱོགས་སྔ་སུ་ཡིན་འདོད་ཚུལ་ལ་ཅུང་ཙམ་དཔྱད་པ་རང་བློ་མུན་སེལ།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  སྐལ་བཟང་རྒྱལ་མཚན།   ཀློག་གྲངས།  

ཕྱོགས་སྒྲ་ནི་ཚད་མ་རྣམ་འགྲེལ་གྱི་རྩོད་པ་གྲགས་ཅན་ཞིག་ཡིན་ལ། སྐབས་འདིའི་ཕྱོགས་སྔའི་འདོད་ཚུལ་དང་རྩོད་ལན་སོགས་ལ་རིགས་སློང་བའི་རྣོ་ངར་ལྡན་པའི་རྟགས་གསལ་དང་དམ་བཅའ་བའི་ཨམ་གཙིགས་ཀྱི་ཁས་ལེན་སོགས་ཀྱི་འགྲན་རྩོད་ལས་ང་ཚོ་མགོ་བོ་མགལ་མེ་ལྟར་འཁོར་བར་བྱེད་ལ། གཞན་ད་དུང་མཁས་དབང་མང་བའི་བཞེད་ཚུལ་ཡང་གྲངས་ལས་འདས་པས་ན་ང་ཚོས་མཐའ་གཅིག་ཏུ་འདི་ཞེས་ཐག་གཅད་དཀའ་བ་ཞིག་ཡིན་མོད། འདི་ལ་ཚད་མའི་རིགས་ལམ་ཁྱད་པར་བ་ཞིག་ཡོད་པས་ན། དེ་ལྟར་ཐག་གཅོད་དགོས་པའི་ངེས་པའང་མི་འདུག་པར་སྙམ།  ཡིན་ན་ཡང་འདིར་རང་བློའི་བརྗེད་ངེས་སེལ་སླད་དུ་ཅུང་ཙམ་དཔྱད་པར་བྱ་བ་ལ་དང་བོ་མཁས་པ་དག་གི་བཞེད་ཚུལ་དང་། གཉིས་པ་ཕྱོགས་སྔའི་གང་ཟག་ལ་དཔྱད་པ། གསུམ་འགྱུར་གསར་རྙིང་ལ་དཔྱད་པ། བཞི་བ་རང་གི་ལྟ་ཚུལ་འགོད་པ་དང་བཅས་སོ།།

དང་པོ། མཁས་པ་དག་གི་བཞེད་པ། 

      དང་བོ་མཁས་པ་དག་གི་བཞེད་ཚུལ་ལ་ཆ་བའི་རྣམ་ངེས་ཊཱིཀ་ཆེན་ཉི་ཟེར་ལས་སློབ་དཔོན་དབང་ཕྱུག་སྡེ་ཡིན་པར་གསུངས། ཕྱོགས་ལྷ་དང་པཎ་ཆེན་བསོད་ནམས་གྲགས་པ་གཉིས་ཀྱིས་པཎྚི་ཏ་སུརྱ་བ་ཡིན་པར་བཞེད། གཞན་ཡིག་འཇོག་མཁན་མང་ཆེ་བས་སློབ་དཔོན་དབང་ཕྱུག་སྡེ་ཡིན་པ་གཞིར་བཞག་གི་སྟེང་ནས་རྩོད་པ་རྩོད་ལན་འཆད་ཀྱིན་ཡོད་དོ།། དེ་ལྟར་ཡིན་པ་ཀུན་མཁྱེན་རྣམ་འགྲེལ་ལས47ན། གཉིས་པ་ལ་རྩོད་པ་དང་ལན་གཉིས། དང་པོ་རྩོད་མཁན་ནི་ཆ་བའི་རྣམ་ངེས་ཊཱིཀ་ཆེན་ཉི་ཟེར་ལས་དབང་ཕྱུག་སྡེ་ཡིན་གསུངས། ཕྱོགས་ལྷ་དང་བསོད་ནམས་གྲགས་པས་པཎྚིཏ་སུ་རྱ་བར་འདོད་དོ།། ཞེས་གསུངས་སོ།། 

          གཞན་ཚད་མའི་སློབ་དཔོན་ཛྙ་ན་ཤྲིས་ཀྱང་སློབ་དཔོན་དབང་ཕྱུག་སྡེ་ཡིན་པར་བཞེད་དེ། ཁོང་གི་མཛད་པའི་རྣམ་ངེས་འགྲེལ་བཤད་ལས། འདིར་སློབ་དཔོན་དབང་ཕྱུག་སྡེ་ན་རེ། དགོས་པ་མེད་པའི་ཕྱིར་གདགས་པར་མི་བྱའོ་ཞེ་ན་ཞེས་གསུངས་པའི་ཕྱིར། ཞེས་སོགས་གསུང་བ་ལས་ཤེས་ངེས་སོ།། 

          སྤྱིར་རྩོད་པ་འདི་ནི་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་སྨོས་པ་དང་རྩོད་གཞི་ལ་ཕྱོགས་སྒྲས་སྨོས་པ་ལ་དགོས་པ་ཡོད་པ་སོགས་ཀྱི་དོན་མ་རྟོགས་པར་ཕྱོགས་སྔས། ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་སྒྲས་སྨོས་པ་ལ་དགོས་པ་མེད་པ་དང་། དགོས་པ་མེད་པའི་ཕྱིར་ན་ཤེས་འདོད་ཆོས་ཅན་ལ་ཕྱོགས་སྒྲ་ཉེ་བར་གདགས་པར་མི་བྱ་བ་ལ་སོགས་པའི་རྩོད་པ་གནང་བ་ཞིག་ཡིན་ལ། དེ་བས་འདིའི་ཕྱོགས་སྔ་ལ་རྒྱ་གར་ཆོས་འབྱུང་གི་སློབ་དཔོན་ཆོས་གྲགས་ཀྱི་མཛད་རྣམ་སྐབས་སུ། གསུམ་པ་ཉན་པ་ན། སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་ཀྱི་གླང་པོའི་དགོངས་པ་མ་ལོངས་པར་འགའ་ཞིག་ནོར་བར་མཁྱེན་ནས་སློབ་དཔོན་ཉིད་ལ་བཟླས་པས་ཤིན་ཏུ་དགྱེས་ཏེ། ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་སྟེ། གྲུབ་མཐའ་ནོར་བ་ཐམས་ཅད་སུན་ཕྱུང་ལ། ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་བ་ཡང་གྱིས་ཤིག་ཅེས་སློབ་དཔོན་ལ་གནང་བ་ཐོབ་བོ།། ཞེས་སོགས་ཀྱི་གསུང་ལ་གཞིག་སྟེ་རྒྱ་བོད་ཀྱི་ཚད་མའི་མཁས་པ་མང་བོ་ཞིག་གིས་དབང་ཕྱུག་སྡེས་དཔལ་ལྡན་ཆོས་གྲགས་ལ་ཚད་ལ་ཀུན་བཏུས་ཀྱི་དགོངས་པ་འཆད་སྐབས་རྩོད་པ་རྩོད་ལན་གྱི་ཚུལ་མཛད་པ་ལས་དབང་ཕྱུག་སྡེ་ནོར་བ་རྣམས་ཕྱོགས་སྔའི་ཚུལ་དུ་བླངས་ནས་ཚད་མ་རྣམ་འགྲེལ་དང་རྣམ་ངེས། དེ་གཉིས་ཀྱི་རང་འགྲེལ་སོགས་བརྩམས་པར་བཞེད་པས་ན་སྐབས་འདིའི་ཕྱོགས་སྔ་ལ་མཁས་དབང་མང་ཆེ་བོས་མགྲིན་དབྱངས་གཅིག་གིས་སློབ་དཔོན་དབང་ཕྱུག་སྡེ་ཡིན་པར་བཞེད་དོ་སྙམ།

གཉིས་པ། ཕྱོགས་སྔའི་གང་ཟག་ལ་དཔྱད་པ། 

 གཉིས་པ་ཕྱོགས་སྔའི་གང་ཟག་ལ་དཔྱད་པ་ལ་ང་ཚོས་གོང་དུ་བརྗོད་པ་ལྟར་སྐབས་འདིའི་ཕྱོགས་སྔ་ལ་སློབ་དཔོན་དབང་ཕྱུག་སྡེ་ཡིན་པར་བཞེད་པ་དག་ལ་དོགས་པ་འདི་ཡོད་དེ། སྤྱིར་ཚད་མ་རྣམ་འགྲེལ་གྱི་གཏན་ཚིགས་ཀྱི་མཚན་ཉིད་འཆད་པའི་སྐབས་ཀྱི་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ཡི།།ཞེས་སོགས་ཀྱིས་རྩོད་གཞི་ལ་ཕྱོགས་སྒྲས་སྨོས་པ་དང་། རྣམ་འགྲེལ་རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ། ། ཞེས་སོགས་དང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས་ཀྱང་། གཏན་ཚིགས་ཀྱི་མཚན་ཉིད་འཆད་པ་ན་ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ཕྱོགས་སྔ་ལ་སློབ་དཔོན་དབང་ཕྱུག་སྡེ་མི་རུང་སྟེ། དེ་ལྟར་ན་སློབ་དཔོན་དབང་ཕྱུག་སྡེས་ཚད་མ་རྣམ་འགྲེལ་གྱི་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ཡི།། ཞེས་པས་གཏན་ཚིགས་ཀྱི་མཚན་ཉིད་འཆད་པ་ན་རྩོད་གཞི་ལ་ཕྱོགས་སྒྲས་སྨོས་པ་ལ་སྐྱོན་བརྗོད་མཛད་དགོས་ལ། གལ་ཏེ་དེ་ལྟར་སྐྱོན་བརྗོད་མཛད་པར་ཁས་ལེན་ན་སློབ་དཔོན་དབང་ཕྱུག་སྡེ་ཡིས། ཚད་མ་རྣམ་འགྲེལ་གྱི་གཞུང་ཚིག་ལ་ཡང་སྐྱོན་བརྗོད་མཛད་པར་དགོས་པར་མ་ཟད། རྣམ་འགྲེལ་བརྩམས་རྗེས་སུ་སྐྱོན་བརྗོད་གནང་བར་ཁས་ལེན་དགོས་སོ།། དེ་ཡང་ཁས་ལེན་ཟེར་ན། རྣམ་ཐར་ལས་ཕྱིས་སུ་དཔལ་ལྡན་ཆོས་ཀྱི་གྲགས་པས་སློབ་དཔོན་ཕྱོགས་གླང་གི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པར་སློབ་དཔོན་དབང་ཕྱུག་སྡེ་རང་ཉིད་ཀྱིས་ཀྱང་ཁས་བླངས་ཟེར་བ་དང་། དེ་ལྟར་ཁས་བླངས་ནས་ཚད་མ་ཀུན་བཏུས་ཀྱི་འགྲེལ་བ་རྩོམས་ཤིག་ཅེས་བསྐུལ་བ་མཛད་པ་དང་། རྣམ་འགྲེལ་བརྩམས་རྗེས་སུ་བསྟོད་བསྔགས་འབུལ་བ་ལས་སྐྱོན་བརྗོད་གནང་བའི་རྣམ་ཐར་ཀུན་ལ་མ་གྲགས་སོ།། གཞན་རྣམ་འགྲེལ་བརྩམས་རྗེས་སུ་ཕྱོགས་སྔས་སྐྱོན་བརྗོད་པ་ན་རྩོད་པ་དེའི་ལན་དཔལ་ཆོས་ཀྱི་གྲགས་པས་ཕྱིས་རང་འགྲེལ་དུ་གནང་བ་ཞིག་ཀྱང་མ་ཡིན་ཏེ། རྩ་བ་དང་རང་འགྲེལ་གཉིས་དུས་གཅིག་ཏུ་བརྩམས་པ་ཞིག་ལས་སྔ་ཕྱིའི་བརྩམས་པ་མ་ཡིན་པ་རྗེ་བླ་མའི་སྲས་ཀྱི་ཐུ་བོ་གཉིས་ཀྱི་བཞེད་དེ། རྣམ་བཤད་ཐར་ལམ་གསལ་བྱེད་དུ་138ནས་རྩ་འགྲེལ་སྔ་ཕྱིར་བརྩམས་པ་མ་ཡིན་གྱི་འཇུག་པ་གཅིག་གིས་བརྩམས་པས་ཉེས་པ་མེད་དོ།། ཞེས་དང་། མཁས་གྲུབ་ཊཱིཀ་ཆེན་ལས་ཀྱང་།184 ནས། རྩ་བ་དང་རང་འགྲེལ་དུས་གཅིག་ཏུ་འཇུག་པ་གཅིག་གིས་བརྩམས་པ་ཡིན་པས་སྐྱོན་མེད་ཅེས་པའང་ལན་མ་ཡིན་ཏེ། དེ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར་རོ།། ཞེས་གསུངས་སོ།།

      ཡང་ལ་ལའི་སྐབས་འདིའི་ཕྱོགས་སྔའི་གཙོ་བོ་དབང་ཕྱུག་སྡེ་ཡིན་པར་བཞེད་པ་ལ་ཡང་དོགས་པ་འདི་ཡོད་དེ། པཎ་ཆེན་རྣམ་འགྲེལ་ལས18ནས། བསྟན་བཅོས་འདིར་རྟགས་ཚུལ་དང་པོ་འཆད་པའི་སྐབས་སུ་ཕྱོགས་ཆོས་ཞེས་གསུངས་པ་ནི། ཀུན་བཏུས་སུ། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། ། ཞེས་སོགས་བྱུང་བ་ལ་བརྟེན་པ་ཡིན་ལ། ཞེས་གསུངས་པ་དང་། རྣམ་ངེས་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་།། ཞེས་པའི་རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ།། ཞེས་སོགས་གསུངས་པ་ལ་གཞིགས་ན་ཚད་མ་རྣམ་འགྲེལ་གྱི་རྩོད་པ་དང་དེའི་ལན་བྱུང་བ་དེ་རྣམས་ཀུན་བཏུས་རང་འགྲེལ་ལས་བྱུང་བའི་ཕྱོགས་སྔའི་འདོད་པ་ལྟར་གྱི་རྩོད་པ་དང་དེ་ལ་ལན་འདེབས་ཚུལ་གཙོ་བོར་གསུངས་པ་གང་ཞིག  ཀུན་བཏུས་རང་འགྲེལ་གྱི་ཕྱོགས་སྔར་དབང་ཕྱུག་སྡེ་མི་རུང་སྟེ། དབང་ཕྱུག་སྡེས་ཚད་མ་མདོ་ལ་སྐྱོན་བརྗོད་པའི་གཏམ་རྒྱུད་ཀུན་ལ་མ་གྲགས་པ་དང་། ཚད་མའི་མཁས་པ་ཀུན་མཁྱེན་རྣམ་འགྲེལ་ལས། 49ནས་དབང་ཕྱུག་སྡེ་ཡང་རྣམ་འགྲེལ་ངེས་ཀྱི་ཕྱོགས་སྔའི་མཚན་གཞིར་རུང་ཡང་དེ་ཁོ་ན་མ་ཡིན་ཏེ། མདོའི་རང་འགྲེལ་གྱིས་བཀག་པའི་ཕྱིར་རོ།། ཞེས་ཚད་མ་མདོ་རང་འགྲེལ་གྱིས་བཀག་པའི་རྒྱུ་མཚན་ཡོད་དོ།། 

   སྐབས་འདིའི་ཕྱོགས་སྔ་ལ་པཎྚིཏ་སུརྱ་ཐེང་བོ་འདོད་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། ཁྲི་རིན་པོ་ཆེ་ཤེས་རབ་དར་གྱི་སྡེ་བདུན་སྤྱི་དོན་ལུང་རིགས་བང་མཛོད་ལས། རྩོད་པ་འདི་པཎྚིཏ་སུརྱ་ཐེང་བོས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ལ་འཕངས་པ་ཡིན་ཞེས་གཏམ་རྒྱུད་ཁ་ཅིག་ལས་གྲགས་འདུག་གོ་ཞེས་གསུངས་པ་ལྟར་ན་ལོ་ཚོགས་ཀྱི་དབང་དུ་བྱས་ན་མི་འགྲིག་སྟེ། ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ནི་སྤྱི་ལོ་1059ལོར་འཁྲུངས་པ་མཁས་དབང་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ལས་གསལ་ལ། དུང་དཀར་ཚིག་མཛོད་ལས་ཀྱང་དེ་ལྟར་རོ།། དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། རང་རེའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཚུངས་པར་ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས། སློབ་དཔོན་འདི་དང་བོད་ཀྱི་སྲོང་བཙན་སྒམ་པོ་དུས་མཉམ་མོ་ཞེས་གྲགས་པ་བཞིན་དོན་ལའང་གནས་པར་མངོན་ནོ།། ཞེས་གསུངས་པ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་གི་གི་བསྟན་རྩིས་ཀྱང་། སྲོང་བཙན་དང་དཔལ་ལྡན་ཆོས་གྲགས་དུའ་མཉམ་པར་འཇིགས་གླིང་གཏམ་ཚོགས་ན་བཤད་ཅེས་གསུངས་སོ།། 

       དེ་ལྟར་ན་པཎྚིཏ་སུརྱ་ཐིང་བོ་དང་དཔལ་ལྡན་གཉིས་གྱི་བར་ལ་ལོ་ངོ་བཞི་བརྒྱ་ཡས་མས་ཀྱི་ཧེ་བག་ཡོད་པས་ན་པཎྚིཏ་སུརྱ་ཐིང་བོ་སྐབས་འདིའི་ཕྱོགས་སྔར་ཁས་ལེན་ཐབས་བྲལ་བ་ཞིག་ཡིན་པར་སྙམ་མོ།།

  གསུམ་པ། འགྱུར་གསར་རྙིང་ལ་དཔྱད་པ། 

        དཔལ་ལྡན་ཆོས་ཀྱི་གྲགས་པས་སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོའི་དགོངས་པ་འགྲེལ་བ་ལ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་སྡེ་བདུན་གྱི་སྒོ་ནས་སློབ་དཔོན་དབང་ཕྱུག་སྡེས་ཚད་མ་མདོའི་དགོངས་པ་མ་ལོན་པ་དག་གསལ་བར་བཀྲལ་བ་དང་། གཏན་ཚིགས་ཀྱི་མཚད་ཉིད་འཆད་པ་དང་རྟགས་ཚུལ་དང་བོ་ལ་ཕྱོགས་ཆོས་ཞེས་པའི་སྒྲ་འཇུག་མིན་གྱི་སྟེང་ནས་རྩོད་པ་རྩོད་ལན་བྱུང་ཞིང་། དེ་ཡང་ཚད་མ་མདོའི་ཚིག་ཟིན་ན་ཡང་རྟགས་ཚུལ་དང་བོ་དེ་ལ་ཕྱོགས་ཆོས་ཞེས་པའི་སྒྲ་ཡོད་པ་དང་མེད་པའི་འགྱུར་གཉིས་ཡོད་པར་མངོན་ཏེ། རྣམ་ངེས་དར་ཊཱིཀ་ལས། མཚམས་སྦྱར་དང་། རྩ་བ་དང་། འགྲེལ་བའོ།། དང་བོ་ནི། ཚད་མ་མདོར། གང་ཕྱིར་གཏན་ཚིགས་དག་དང་ནི།། དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད།། དེས་ན་གཏན་ཚིགས་ལྟར་སྣང་གི། སྔོན་དུ་དེ་དབྱེ་བསྟན་པར་བྱ།། ཞེས་གསུངས་པ་ལྟར། ཞེས་དང་། ཡང་། ས་བཅད་གཉིས་པའི་སྐབས་སུ། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། ཞེས་སོགས་ཀྱི་གཞུང་དོན་བཤད་ནས་ཕྱོགས་ཆོས་ཞེས་པར་རྩོད་པ་བཀོད་འདུག་མོད། 

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་འགྲེལ་ལས། ཁ་ཅིག་རྣམ་ངེས་སུ། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་།། ཞེས་པ་མདོའི་ཚིག་ཏུ་འདོད་པ་ཡང་མི་འཐད་པར་ཐལ། དེར་དེ་མེད་པའི་ཕྱིར། ཕྱོགས་ཆོས་ཅན་དགུ་སྟོན་པ་ན། མདོ་ལས། གང་ཞིག་བསྒྲུབ་བྱའི་ཆོས་ཀྱི་རྟགས།། ཞེས་སོགས་ཤོ་ལོ་དེ་དང་། མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས། ཕྱོགས་ཀྱི་ཕྱོགས་ལ་ཡང་རྣམ་གསུམ། མི་མཐུན་ཕྱོགས་ལའང་སོ་སོར་ནས། ། ཡོད་མིན་གཉིས་ཀའི་བྱེ་བྲག་ཕྱིར།། ཞེས་སོགས་གསུངས་པས་ན་ཚད་མ་མདོ་རང་ན་རྟགས་ཚུལ་དང་བོ་ལ་ཕྱོགས་སྒྲ་མི་འཇུག་པ་ལྟ་བུར་གསུངས་མོད། འོན་ཀྱང་ཤཱཀྱ་བློའི་འགྲེལ་བ་ལས། མདོས་ཕྱོགས་ཆོས་ཞེས་བཤད་པ། ཞེས་སོགས་གསུངས་པས་ན་ཚད་མ་མདོ་ན་ཡང་རྟགས་ཚུལ་དང་བོ་དེ་ལ་ཕྱོགས་སྒྲ་ཞེས་པའི་སྒྲ་འཇུག་པའི་དབང་དུ་བྱས་ན་དེའི་ཕྱོགས་སྔ་ལ་དབང་ཕྱུག་སྡེ་དང་པཎྚིཏ་སུརྱ་ཐིང་གཉིས་འོང་དཀའ་བར་སྙམ་ལ། དེ་ལྟར་ན་སྐབས་འདིའི་ཕྱོགས་སྔ་གང་ཡིན་ངེས་འཛིན་དེ་ལས་ཀྱང་དཀའ་འོ།། 

  སྤྱིར་ཚད་མ་མདོ་བོད་དུ་འགྱུར་བ་ལ་འགྱུར་གསར་རྙིང་གཉིས་ཡོད་དེ། ཚད་མ་མདོའི་དར་ཊཱིཀ་གི་མཇུག་ཏུ། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་གེ་རྒྱལ་མཚན་གྱིས། རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་ཞུས་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པའོ།། འགྱུར་འདི་མ་གཏོགས་རྩ་བ་དང་རང་འགྲེལ་གྱི་འགྱུར་གཞན་ཡོད་པར་གྲགས་ནའང་མ་རྙེད་ཅིང་། ཞེས་དང་། རྗེ་བཙུན་རྣམ་འགྲེལ་ལས། མདོ་འགྱུར་རྙིང་དུ་རང་རྟེན་ལའོ།། ཞེས་དང་། འགྱུར་གསར་དུ། རང་གི་ཆོས་ཅན་ལའོ།། ཞེས་གསུངས་པས་ན། འགྱུར་གསར་རྙིང་གི་ཁྱད་ཙམ་ལས་རྒྱ་གཞུང་རང་ན་ཕྱོགས་ཆོས་ཞེས་པའི་སྒྲ་འཇུག་པར་སྙམ་མོ།། 

བཞི་བ། རང་གི་ལྟ་ཚུལ་འགོད་པ། 

དེ་ལྟར་ན། རྣམ་འགྲེལ་རྩ་བར། ཕྱོགས་ཆོས་དེའི་ཆས་ཁྱབ་པ་ཡི།ཞེས་སོགས་ཀྱི་གཏན་ཚིགས་ཀྱི་མཚན་ཉིད་འཆད་པ་ན། ཕྱོགས་ཆོས་ཞེས་རྟགས་ཚུལ་དང་པོ་བསྟན་པ་ལ་རྩོད་གཞི་ལ་ཕྱོགས་སྒྲས་བཟུང་བར་ཕྱོགས་སྔས་སྐྱོན་བརྗོད་པའི་ཕྱོགས་སྔ་ལ་གང་ཟག་སུ་ཞིག་འཇོག་པར་བྱ་ཞེ་ན། གང་ཟག་འདིའི་རྩོད་པ་འདི་ལ་ལན་འདི་བཏབ་པ་ཞེས་པ་ལྟ་བུ་མཐའ་གཅིག་ཏུ་སློབ་དཔོན་དབང་ཕྱུག་ཡིན་པར་ངེས་བཟུང་དཀའ་བ་གོང་གི་དོགས་པ་དེ་དག་ཡོད་མོད། སྐབས་འདིའི་ཕྱོགས་སྒྲའི་རྩོད་པ་ནི་སློབ་དབང་ཕྱུག་སྡེས་དཔལ་ལྡན་ཆོས་ཀྱི་གྲགས་པས་ཀུན་བཏུས་ཀྱི་དགོངས་པ་བཀྲལ་བ་ལ་དབང་ཕྱུག་རང་ཉིད་ཐེ་ཚོམ་དང་བཅས་དཔལ་ལྡན་ཆོས་གྲགས་ལ་ནང་འགལ་གྱི་ཚུལ་དུ་སྐྱོན་འདི་དང་གན་ཞེས་ལན་བརྗོད་པ་ལྟ་བུར་མངོན་ཏེ། ཤཱཀྱ་བློའི་འགྲེལ་བར། ཕ་རོལ་པོས་ཐེ་ཚོམ་གྱི་བསམ་པ་ཡིན་ནོ།། ཞེས་གསུངས་པ་ལྟར། སློབ་དཔོན་དབང་ཕྱུག་སྡེ་རང་ཉིད་ཀྱིས་མཐའ་གཅིག་ཏུ་ཁས་བླངས་ཏེ་རྩོད་པ་ཞིག་མ་ཡིན་པར་འདོད་དོ།། 

ཡང་ན། སློབ་དཔོན་དབང་ཕྱུག་སྡེ་ཡིས་ཚད་མ་ཀུན་བཏུས་ཀྱི་དགོངས་པ་མ་རྟོགས་ཤིང་། ཁས་ལེན་ལ་ནང་འགལ་ཡོད་སྲིད་པས་ན། ནང་འགལ་ཁས་ལེན་པ་ལ་དཔལ་ལྡན་ཆོས་ཀྱི་གྲགས་པས་དགོས་པའི་དབང་གིས་སྐྱོན་བརྗོད་མཛད་པ་ཡིན་ནམ་སྙམ་ལ། དེ་ལྟར་ན་དཔོན་སློབ་གཉིས་ཀུན་བཏུས་ཀྱི་དགོངས་པ་ལེན་དུས་མ་མཐུན་པའི་བགྲོ་གླེང་བྱུང་བ་དང་། དཔལ་ལྡན་ཆོས་གྲགས་ཀྱིས་ཀྱང་དེ་ལྟ་བུའི་རྩོད་པ་རྩོད་ལན་གྱི་དོགས་གཞི་གང་ཟག་སུ་དང་གང་ལ་ཡང་འབྱུང་སྲིད་པར་དམིགས་ཏེ་དེ་ལྟར་གསུངས་པར་འདོད་དོ།།

རྩོམ་སྒྲིག་པ། བྱང་ཆུབ་རྒྱ་མཚོ།

བརྒྱུད་འགོད།
0