༄༅། །གཏན་ཚིགས་རིག་པའི་སྣང་བ་ཞེས་བྱ་བ་བཞུགས་སོ། །

སྤེལ་དུས།  2017-12-13   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  རྗེ་ཡེ་ཤེས་རྒྱ་མཚོ།   ཀློག་གྲངས།  

༄༅། །གཏན་ཚིགས་རིག་པའི་སྣང་བ་ཞེས་བྱ་བ་བཞུགས་སོ། །

མཛད་པ་པོ། རྗེ་བཙུན་ཡེ་ཤེས་རྒྱ་མཚོ།

༄༅། །ཚད་མེད་ཐུགས་རྗེ་མངའ་བ་བཅོམ་ལྡན་འདས། །ཚད་མའི་དབང་ཕྱུག་ཕྱོགས་གླང་ཆོས་ཀྱི་གྲགས། །ཚད་མའི་སློབ་དཔོན་དར་མ་རིན་ཆེན་སོགས། །ཚད་མར་གྱུར་པའི་བཤེས་གཉེན་རྣམས་ལ་འདུད། །ཇི་སྐད་དུ། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་རྩོམ་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ། །ཅེས་ལུང་བསྟན་པའི་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པས། བདེན་གཉིས་རྟོགས་པའི་ཚད་མ་བརྗོད་བྱར་བྱེད་པའི་གསུང་རབ་དང་ཚད་མའི་སྒྲས་བསྟན་པའི་ཚད་མ་ཀུན་བཏུས་སོགས་ཀྱི་བརྗོད་བྱ་རྣམས་རིགས་པའི་ལམ་ནས་སྟོན་པའི་ཚད་མ་སྡེ་བདུན་མཛད་དོ། །དེ་ལས་ཀྱང་ཚད་མ་ཀུན་བཏུས་ཀྱི་དོན་རྒྱས་པར་འགྲེལ་བ་ནི། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཡིན་ཏེ། རིགས་སྒོ་ལས། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །ཞེས་གསུངས་པ་ལྟར་གཞལ་བྱ་རང་གིས་ངེས་པའི་ཐབས་དང༌། དེས་ནས་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་ལས། སྔ་མ་ལེའུ་དང་པོ་གསུམ་དང༌། ཕྱི་མ་ལེའུ་བཞི་བས་སྟོན་པར་མཛད་པའི་ཕྱིར། ཚད་མ་མདོའི་བརྗོད་བྱ་རྟོགས་དཀའ་བ་རྣམས་ཞིབ་པར་འགྲེལ་བ་ཚད་མ་རྣམ་ངེས། མདོའི་བརྗོད་བྱའི་གཙོ་བོ་དག་གི་མཚན་ཉིད་དབྱེ་བ་སོགས་སྟོན་པ་རིགས་ཐིགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང༌། གཏན་ཚིགས་ཀྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པ་གཏན་ཚིགས་ཐིགས་པ། རྟགས་ཆོས་ཀྱི་འབྲེལ་བ་གཉིས་གཙོ་བོར་སྟོན་པ་འབྲེལ་བ་བརྟག་པ། སྣང་མཁན་ཤེས་པ་ལས་རྫས་གཞན་དུ་གྱུར་པ་གང་ཡང་མེད་ཀྱང་རྒྱུད་ཐ་དད་པའི་གང་ཟག་འཐད་པའི་ཚུལ་སྟོན་པ་རྒྱུད་གཞན་སྒྲུབ་པ། སྔ་རྒོལ་དང་ཕྱི་རྒོལ་དག་གིས་ཇི་ལྟར་རྩོད་པའི་ཚུལ་སོགས་སྟོན་པ་རྩོད་རིགས་ཏེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞིའོ།།

རྒྱས་པའི་བསྟན་བཅོས་རྣམ་འགྲེལ་གྱི་མཆོད་བརྗོད་སོགས་བཤད་པ།

རྒྱས་པའི་བསྟན་བཅོས་རྣམ་འགྲེལ་གྱི་ཐོག་མར་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་འཕྲིན་ལས་དང་བཅས་པ་མངའ་བའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་ཕྱག་མཛད་པ་ནི། རྟོག་པའི་དྲ་བ་རྣམ་བསལ་ཅིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་གསུངས། དོན་ནི། ཊཱིཀ་ཆུང་ལས། ཕུན་སུམ་ཚོགས་པ་གསུམ་མངའ་བའི་བཅོམ་ལྡན་འདས་ལ་བསྟན་བཅོས་རྩོམ་པའི་ཐོག་མར་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་རྩོམ་པ་མཐར་ཕྱིར་པའི་ཆེད་ཡིན་པའི་ཕྱིར། ཕུན་སུམ་ཚོགས་པ་གསུམ་ཇི་ལྟར་མངའ་ཞེ་ན། བཅོམ་ལྡན་འདས་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། རྟོག་པའི་དྲ་བ་རྣམ་པར་བསལ་བ་ངོ་བོ་ཉིད་ཀྱི་སྐུ་དང་ཟབ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་རྒྱ་ཆེ་བ་སྤྲུལ་པའི་སྐུ་མངའ་བའི་ཕྱིར། དེ་ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་སྟེ། མངོན་མཐོ་དང་ངེས་ལེགས་ཀྱི་དགེ་ལེགས་ཀུན་ཏུ་བཟང་པོ་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཐོབ་པར་མཛད་པའི་ཕྱིར། དེ་ཆོས་ཅན། གཞན་དོན་ཕུན་ཚོགས་སྒྲུབ་པའི་ཐབས་མངའ་སྟེ། དམ་པའི་ཆོས་སྟོན་པའི་འོད་ཟེར་དག་ཀུན་ནས་འཕྲོ་པའི་ཕྱིར། ཞེས་གསུངས་ལ། རྣམ་བཤད་ལས། ཐུབ་པ་སངས་རྒྱས་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། སྤངས་རྟོགས་མཐར་ཕྱིན་པར་མཛད་པའི་ཕྱིར། གཞན་དོན་ཕུན་ཚོགས་གདུལ་བྱའི་རྒྱུད་ཀྱི་མངོན་མཐོ་དང་ངེས་ལེགས་ནི་གཞན་དོན་ཡིན་ལ། དེ་གང་ལས་འགྲུབ་པའི་གཟུགས་སྐུ་རྣམ་པ་གཉིས་ལ་གཞན་དོན་ཕུན་ཚོགས་ཞེས་བྱ་སྟེ། ཞེས་ཟབ་པ་དང་རྒྱ་ཆེ་བའི་སྐུ་གཉིས་རིམ་པ་བཞིན་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་སྐུ་དང་སྦྱར་ནས་གསུངས་སོ། །སློབ་དཔོན་ཆོས་ཀྱི་གྲགས་པས་དེ་ལྟར་བསྟོད་ཕྱག་མཛད་པའི་དགོས་པ་ནི། སློབ་དཔོན་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པ་དང༌། བསྟན་བཅོས་རྩོམ་པ་མཐར་ཕྱིན་པ་དང༌། བསྟན་བཅོས་འདི་འཆད་མཉན་བྱེད་པ་རྣམས་ལ་ཡང་བསོད་ནམས་འཕེལ་བའི་ཕྱིར་ཡིན་ཏེ། སློབ་དཔོན་ཤཱཀྱ་བློས། སློབ་དཔོན་འདི་ཡང་བདག་ཉིད་དམ་པ་རྣམས་དང་སྤྱོད་པ་མཐུན་པར་བསྟན་པར་བྱ་བ་དང༌། ཁྱད་པར་དུ་འཕགས་པའི་ལྷ་ལ་བསྟོད་པས་བསོད་ནམས་འཕེལ་བ་དང༌། བསོད་ནམས་འཕེལ་བས་བསྟན་བཅོས་གེགས་མེད་པར་མཐར་ཕྱིན་པ་དང༌། འཆད་པར་བྱེད་པ་དང་ཉན་པར་བྱེད་པ་རྣམས་སྔར་བསྟོད་ནས་ཞུགས་པ་ལས་བསོད་ནམས་སྐྱེ་བའི་ཕྱིར། ཞེས་གསུངས་པ་ལྟར་རོ། །སློབ་དཔོན་འདིས་ཟབ་ཅིང་ཞེས་པས་ལོངས་སྐུ་དང༌། རྒྱ་ཆེའི་སྐུ་མངའ་ཞེས་པས་སྤྲུལ་སྐུ་བསྟན་པར་གསུངས་ཏེ། ཤཱཀྱའི་འགྲེལ་བཤད་ལས། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཟབ་པ་དང༌། ཤེས་བྱ་མཐའ་དག་དང་སེམས་ཅན་གྱི་དོན་མཐའ་དག་ལ་ཁྱབ་པའི་ཕྱིར་རྒྱ་ཆེ་བའི་སྐུ་མངའ། ཞེས་སོ། །ཀུན་ཏུ་བཟང་པོ་ཞེས་པ་བྱང་སེམས་ཀུན་བཟང་ལ་སྦྱར་བའི་བཤད་པའི་རྣམ་གྲངས་གཞན་ཞིག་ཀྱང་གསུངས་ཏེ། ཤཱཀྱའི་འགྲེལ་བཤད་ལས། ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྒྲ་འདི་ནི་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའི་ཁྱད་པར་ཞིག་ལ་གྲགས་པས། འདི་བྱང་ཆུབ་སེམས་དཔའ་ལ་མཆོད་པ་ཡིན་ཏེ། ནས། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་རྗེས་སུ་མཐུན་པའི་སྐུ་གསུམ་ནི་ཡོད་པ་ཁོ་ན་སྟེ། ཞེས་སོ། །བྲམ་ཟེ་ཆེན་པོའི་བཞེད་པ་ནི། རྐང་པ་དང་པོས་ངོ་བོ་ཉིད་སྐུ་དངོས་སུ་བསྟན་ནས་ཡེ་ཤེས་ཆོས་སྐུ་ཤུགས་ལ་བསྟན་ཏེ། བྲམ་ཟེ་ལས། རྟོག་པའི་དྲ་བ་རྣམ་པར་བསལ་བ་ཉིད་ཀྱིས་ནི། གཉིས་སུ་མེད་པའི་རང་བཞིན་ཙམ་གྱི་སྐུའི་བདག་ཉིད་དང་མི་འབྲལ་བར་བརྗོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། །ཞེས་དང༌། ཕྱེད་སྔ་མས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བརྗོད་ལ། ཕྱི་མས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། ཟབ་པས་ནི་གཞན་གྱིས་ཤེས་པར་བྱར་མེད་པའི་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པའི་རྟེན་ཉིད་དུ་བརྗོད་དོ། །རྒྱ་ཆེ་བས་ནི་གཞན་དང་མཚུངས་པ་མེད་པའི་བླ་ན་མེད་པ་ཉིད་བརྗོད་དོ། །ཞེས་གསུངས་ཤིང༌། ཊཱིཀ་ཆེན་ལས། ཀུན་ཏུ་བཟང་པོ་ཞེས་པས་བྱ་བ་ལས་ལ་ཡོད་པའི་འཕྲིན་ལས་དང༌། འོད་ཟེར་དག་ཀུན་ནས་འཕྲོ་ཞེས་པས་བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་བསྟན་པར་གསུངས་ལ། རྒྱུད་བླ་མ་ལས། ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །ཞེས་སངས་རྒྱས་ལ་ཀུན་ཏུ་བཟང་པོའི་མིང་གིས་ཀྱང་གསུངས་སོ། །བསྟན་བཅོས་ཆེན་པོ་འདི་བརྩམ་པའི་རྒྱུ་མཚན་དངོས་སུ་གསུངས་པའི་ཤུགས་ཀྱིས་སྣོད་རུང་གི་ཡོན་ཏན་སོགས་བསྟན་པའི་སྒོ་ནས་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱ་དང༌། དགོས་པ་དང༌། ཉིང་དགོས་དང༌། འབྲེལ་བ་ཁོང་ན་ཡོད་པ་རྣམས་སྟོན་པ་ནི། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་པར་ཡང༌། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་གསུངས། འདིས་ནི་སྐྱོན་དེ་དག་དང་བྲལ་བའི་སྣོད་རུང་གི་གདུལ་བྱ་ལ་བཤད་པར་དམ་བཅའ་བ་ཤུགས་ལ་བསྟན་ཏོ། །དེ་ཡང་བདེན་པ་བཞི་དང་རྟོག་གེའི་ཚིག་དོན་བརྒྱད་ལ་སོགས་པ་ཚད་མ་ཀུན་ལས་བཏུས་པའི་ཚིག་དོན་རྟོགས་དཀའ་བ་མཐའ་དག་ནི་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའོ། །བསྟན་བཅོས་འདི་ལ་བརྟེན་ནས་ཚད་མའི་མདོ་ལ་སོགས་པའི་གསུང་རབ་ཀྱི་དོན་ལ་རིགས་པའི་ལམ་ནས་དྲངས་པའི་ངེས་པ་གཏིང་ཚུགས་པ་རྙེད་དེ། ཚད་མར་གྱུར་པའི་སྟོན་པ་དང་དེའི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པ་ནི་དགོས་པའོ། །ཇི་ལྟར་རིགས་པས་གཏན་ལ་ཕབས་པའི་དོན་དེ་ཉིད་ཐབས་དང་འབྲེལ་པའི་ཐོས་བསམ་གོམས་པའི་ཤེས་རབ་ཀྱིས་ཉམས་སུ་བླང་བ་ལ་རྟེན་ནས་ཇི་སྐད་བཤད་པའི་སྐུ་གསུམ་འཕྲིན་ལས་དང་བཅས་པ་ཐོབ་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལྟར་བསྟན་བཅོས་དང༌། དགོས་པ་དང༌། ཉིང་དགོས་རྣམས་སྔ་མ་སྔ་མ་ཐབས་དང༌། ཕྱི་མ་ཕྱི་མ་ཐབས་ལས་བྱུང་བའི་ཚུལ་གྱི་འབྲེལ་བ་ནི་འབྲེལ་བའོ།།

 གཏན་ཚིགས་ཡང་དག་དང་ལྟར་སྣང་སོགས་བསྟན་པའི་སྒོ་ནས་རང་དོན་ལེའུ་མདོར་བསྟན་པ།

དེ་ནས་གཏན་ཚིགས་ཡང་དག་དང་ལྟར་སྣང་སོགས་བསྟན་པའི་སྒོ་ནས་རང་དོན་ལེའུ་མདོར་བསྟན་པ་ནི། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་གསུངས། དེ་ཡང་ཕྱོགས་ཞེས་པས་ཕྱོགས་ཀྱི་མིང་གིས་བཏགས་པའི་ཤེས་འདོད་ཆོས་ཅན་བསྟན། ཆོས་ཞེས་པས་རྩོད་གཞི་དེ་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཆོས་དེ། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་བསྟན། དེ་ཆས་ཁྱབ་པ་ཡི། ཞེས་པས་རྩོད་གཞི་དེ་ཡི་ཆ། ཁྱབ་བྱེད་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་བྱ་རྟགས་ལ་ཁྱབ་པའི་རྗེས་ཁྱབ་དངོས་དང༌། ལྡོག་ཁྱབ་ཤུགས་ལ་བསྟན། གཏན་ཚིགས་ཞེས་པས་དེ་ལྟ་བུའི་ཚུལ་གསུམ་ཡིན་པ་དེ། གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་བསྟན། དེ་ནི་རྣམ་གསུམ་ཞེས་པས་རྟགས་ཡང་དག་གི་དབྱེ་བ་བསྟན། ཉིད། ཞེས་པས་རྟགས་ཡང་དག་ལ་གསུམ་དུ་གྲངས་ངེས་པར་བསྟན། སློབ་དཔོན་དབང་ཕྱུག་སྡེས། རྟགས་ཀྱི་ཚུལ་དྲུག་འདོད་པར་གྲགས་ལ། དེ་ཡང་ཡོངས་སུ་གྲགས་པའི་ཚུལ་གསུམ་གྱི་སྟེང་དུ། བསྒྲུབ་བྱ་ལ་ཚད་མས་གནོད་པ་མེད་པ་དང༌། མི་མཐུན་ཕྱོགས་སྒྲུབ་བྱེད་ཀྱི་ཚད་མ་མེད་པ་དང༌། ཚུལ་ལྔ་བོ་དེ་ངེས་པའི་ཚད་མ་ཡོད་པ་སྟེ་ཚུལ་དྲུག་བཤད་དོ། །དེ་ལྟར་ཚུལ་དྲུག་བཤད་པ་ལ་དགོས་པ་མེད་དེ། ཚུལ་ཕྱི་མ་གསུམ་གྱི་དོན་ནི་ཚུལ་དང་པོ་གསུམ་པོ་ཅི་རིགས་སུ་འདུས་པའི་ཕྱིར་རོ། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པས་ནི། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་གྲངས་ངེས་ཏེ། མེད་ན་མི་འབྱུང་གི་འབྲེལ་བ་ལ་བདག་གཅིག་འབྲེལ་དང་རྟེན་བྱུང་འབྲེལ་གང་རུང་དུ་ངེས་པའི་ཕྱིར་རོ། །ཞེས་གྲངས་ངེས་པའི་རྒྱུ་མཚན་བསྟན། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པས་རྟགས་ཡང་དག་དེ་དག་ལས་གཞན་པའི་སྦྱོར་བ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཡིན་ཐམས་ཅད་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་དུ་བསྟན་ཏོ། །དེ་ལྟར་ན་གཏན་ཚིགས་ཡང་དག་རྟོགས་པ་ལ་ཚུལ་གསུམ་སོ་སོའི་མཚན་ཉིད་རྟོགས་དགོས། དེ་རྟོགས་པ་ལ་དེ་དག་གིས་སེལ་བྱ་གཏན་ཚིགས་ལྟར་སྣང་རྟོགས་དགོས་པས། འདིར་ཚུལ་གསུམ་སོ་སོའི་མཚན་ཉིད་སོགས་ཅུང་ཟད་འཆད་པ་སྦྱོར་བ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད། མཚན་ཉིད་དེའི་ཟུར་གྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་པས། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པ་དང༌། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པ་དང༌། གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་རྣམས། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པ་སེལ། འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་ཅེས་པས། ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པ་དང༌། རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པ་དག་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པ་སེལ། ཡོད་པ་ཉིད་དུ་ཚད་མས་ངེས་པ་ཞེས་པས། བློ་ལ་ལྟོས་ནས་མ་གྲུབ་པ་དང༌། རྒོལ་པ་ལ་ལྟོས་ནས་མ་གྲུབ་པ་རྣམས། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པ་གཅོད། ཁྱོད་སྦྱོར་བ་སྐོར་གཅིག་གི་རྟགས་སུ་བཀོད་པ་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པ་དེ། སྦྱོར་བ་སྐོར་གཅིག་གི་མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད། མ་གྲུབ་པའི་གཏན་ཚིགས་ལ་དབྱེ་ན། དོན་ལ་ལྟོས་ནས་མ་གྲུབ་པ་དང༌། བློ་ལ་ལྟོས་ནས་མ་གྲུབ་པ་དང༌། རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་དང་གསུམ། དང་པོ་ལ། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པ་དང༌། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པ་དང༌། གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་དང་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པ་དང༌། ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པ་དང་ལྔ་གསུངས། དེ་དག་རིམ་པ་བཞིན་དཔེར་བརྗོད་ན། སྐྱེས་བུ་ཆོས་ཅན༌། བདག་དང་བཅས་པ་སྟེ། རང་སྐྱ་ཐུབ་པའི་བདག་གི་ཡོན་ཏན་དང་ལྡན་པའི་ཕྱིར། ཞེས་པ་དང༌། ཡང༌། སྒྲ་ཆོས་ཅན། མེད་དེ། ཚད་མས་མ་དམིགས་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། ཚད་མས་མ་དམིགས་པ་ལྟ་བུའོ། །གཉིས་པ་ནི། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཆོས་ཅན། ཐམས་ཅད་ལ་ཁྱབ་སྟེ། བདེ་སོགས་ཡོན་ཏན་ཐམས་ཅད་ལ་དམིགས་པའི་ཕྱིར། ཞེས་པ་དང༌། ཡང༌། རི་བོང་རྭ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བྱས་པ་ལྟ་བུའོ། །གསུམ་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་མིག་ཤེས་ཀྱི་བཟུང་བྱ་ལྟ་བུའོ།། བཞི་པ་ནི། ལོག་པའི་དབང་ཤེས་ཆོས་ཅན། མངོན་སུམ་ཡིན་ཏེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ལྟ་བུའོ། །ལྔ་པ་ནི། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། མཚན་མོ་ལོ་མ་ཁུམས་ཏེ་ཉལ་བའི་ཕྱིར། །ཞེས་པ་ལྟ་བུའོ། །གཉིས་པ་བློ་ལ་ལྟོས་ནས་མ་གྲུབ་པ་ལ་དབྱེ་ན། ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། ཤེས་འདོད་མེད་ནས་མ་གྲུབ་པ་གཉིས། དང་པོ་ལ་དབྱེ་ན། ཆོས་ཅན་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། རྟགས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། གཞི་རྟགས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་གསུམ་ཡོད། དཔེ་རིམ་པ་བཞིན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་ངོར། མདུན་གྱི་གཞི་འདིར་ཤ་ཟའི་བུམ་པ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པ་ལྟ་བུ་དང༌། མཚན་མོའི་རྒྱ་མཚོར་སྐྱ་རྫས་ཙམ་མཐོང་ནས་དུ་བ་དང་རླངས་པ་གང་ཡིན་མ་ངེས་པའི་ངོར། མཚན་མོའི་རྒྱ་མཚོར་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ་དང༌། གཞི་རྟགས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་བ་ནི། དཔེར་ན། རི་སུལ་གསུམ་གང་རུང་ཞིག་ན་རྨ་བྱའི་སྒྲ་གྲགས་པར་ངེས་ཀྱང༌། སུལ་གང་དུ་གྲགས་པར་མ་ངེས་པ་ལ། རི་སུལ་གསུམ་གྱི་དབུས་མ་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲགས་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ཤེས་འདོད་མེད་ནས་མ་གྲུབ་པ་ལ་དབྱེ་ན། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ། གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པ། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་དང་གསུམ། དེ་ཡང་རིམ་པ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར། ཞེས་པ་དང༌། སྒྲ་ཆོས་ཅན། སྒྲ་ཡིན་ཏེ། བྱས་པའི་ཕྱིར། ཞེས་པ་དང༌། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །གསུམ་པ་རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་ལ། སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པ་དང༌། ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པ་དང༌། རྒོལ་ཕྱིར་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པ་གསུམ་ཡོད། དང་པོ་ནི་དཔེར་ན། སྔ་རྒོལ་གྲངས་ཅན་པས། ཕྱི་རྒོལ་སངས་རྒྱས་པ་ལ། བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་བྱེད་པའི་ཕྱིར། ཞེས་བཀོད་པ་ལྟ་བུ་ཡིན་ལ། དེ་ཡང་སྔ་རྒོལ་གྲངས་ཅན་པས་སྔར་ཡོད་པ་ཞིག་རྐྱེན་གྱིས་གསལ་བར་བྱས་པ་ལ་སྐྱེས་པ་དང༌། གསལ་བར་སྐྱེས་པ་དེ་ཉིད་མི་གསལ་བར་གྱུར་པ་ལ་འཇིག་པར་འདོད་པ་ཙམ་ལས། བློ་བདེ་སྔར་མེད་གསར་དུ་སྐྱེས་པ་དང༌། དེ་ཡང་སྐད་ཅིག་གིས་འཇིག་པར་གྲངས་ཅན་གྱིས་ཚད་མས་མ་གྲུབ་པས་ན་སྔ་རྒོལ་ལ་ལྟོས་ཏེ་མ་གྲུབ་པར་བཞག་གོ །གཉིས་པ་ནི། སྔ་རྒོལ་གཅེར་བུ་པས། ཕྱི་རྒོལ་སངས་རྒྱས་པ་ལ། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར། ཞེས་བཀོད་པ་ལྟ་བུ་ཡིན་ལ། གཅེར་བུ་པས་ལྗོན་ཤིང་ཤུན་པ་བཤུས་ན་བསྐམ་པ་ཙམ་ལ་འཆི་བའི་ཐ་སྙད་བྱེད་ཀྱང༌། སངས་རྒྱས་པས་དེ་ལྟར་མི་འདོད་པས་གཏན་ཚིགས་འདི་ནི། ཕྱི་རྒོལ་སངས་རྒྱས་པ་ལ་ལྟོས་ཏེ་མ་གྲུབ་པའི་རྟགས་སོ། །རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པ་ནི། སྔ་རྒོལ་སྒྲ་བྱས་མ་བྱས་གང་དུའང་མ་ངེས་པས། ཕྱི་རྒོལ་སྒྲ་བྱས་མ་བྱས་གང་དུའང་མ་ངེས་པ་ལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ། །འདི་ནི་སྡེ་བདུན་རྒྱན་ལྟར་བཀོད་པ་ཡིན་ལ། སྡེ་བདུན་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དང་པོ་ལ་དབྱེ་ན་གཞི་མ་གྲུབ་ནས་མ་གྲུབ་པ་དང༌། ཐ་དད་མེད་ནས་མ་གྲུབ་པ། ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པ་དང་གསུམ། ཞེས་དང༌། རིགས་རྒྱན་ལས། དང་པོ་ལ་གཉིས། གཞི་མ་གྲུབ་ནས་མ་གྲུབ་པ་དང༌། ཐ་དད་མེད་ནས་མ་གྲུབ་པའོ། །ཞེས་ཐ་དད་མེད་ནས་མ་གྲུབ་པ་གསུམ་དོན་ལ་ལྟོས་ཏེ་མ་གྲུབ་པར་གསུངས་སོ། །སྡེ་བདུན་རྒྱན་ལས། གཞི་རྟགས་ཐ་དད་མེད་པའི་སྐབས་སུ། འདི་སྒྲ་ལ་སྒྲ་མ་གྲུབ་པའི་རྒྱུ་མཚན་སོགས་ཀྱིས་ཕྱོགས་ཆོས་མ་གྲུབ་པ་མིན་པས། ཞེས་དང༌། གཞི་ཆོས་ཐ་དད་མེད་པ་དང༌། རྟགས་ཆོས་ཐ་དད་མེད་པའི་སྐབས་སུའང༌། བྱས་པ་སྒྲ་ལ་མ་གྲུབ་པའི་རྒྱུ་མཚན་གྱིས་མ་ཡིན་པས། ཞེས་དང༌། དོན་སྟེང་ནས་མི་རྟག་པ་སྒྲ་ལ་མ་གྲུབ་པ་སོགས་ཀྱི་སྒོ་ནས་མ་ཡིན་པའི་ཕྱིར། ཞེས་གསུངས་པས། དོན་ལ་ལྟོས་ཏེ་མ་གྲུབ་པ་ལ་དོན་སྟེང་ནས་རྟགས་སུ་འགྲོ་རྒྱུ་དེ། ཆོས་ཅན་དུ་འཛིན་རྒྱུ་དེའི་སྟེང་དུ་མ་གྲུབ་པ་ཞིག་དགོས་པར་དགོངས་སོ། །ཁྱོད་ཀྱི་རྟགས་ཀྱི་དེ་སྒྲུབ་ཀྱི་རྩོད་གཞིར་འཛིན་རྒྱུ་དེ། རྟགས་སུ་འཛིན་རྒྱུ་དེ་མ་ཡིན་པ་གང་ཞིག་ཆོས་ཅན་དུ་འཛིན་རྒྱུ་དེ། གཞི་མ་གྲུབ་པའི་གཏན་ཚིགས་ནི། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཀྱི་དོན་དང༌། དེ་གང་ཞིག རྟགས་སུ་འཛིན་རྒྱུ་དེ་གཞི་མ་གྲུབ་པའི་གཏན་ཚིགས་ནི། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཀྱི་དོན་ནོ། །གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་ལ་ཡང༌། འགོད་ཚུལ་ཡིན་འགོད་དང༌། སྒྲུབ་ཚུལ་ཡིན་སྒྲུབ་ཀྱི་དབང་དུ་བྱས་ན། ཁྱོད་ཀྱི་རྟགས་ཀྱི་དེ་སྒྲུབ་ཀྱི་རྩོད་གཞིར་འཛིན་རྒྱུ་དེ། རྟགས་སུ་འཛིན་རྒྱུ་དེ་མ་ཡིན་པ་གང་ཞིག རྩོད་གཞིར་འཛིན་རྒྱུ་དེ། རྟགས་སུ་འཛིན་རྒྱུ་དེ་དང༌། འབྲེལ་བ་མེད་པའི་གཏན་ཚིགས་ནི། དེའི་དོན་ཡིན་ནོ། །གཞི་རྟགས་སུ་འཛིན་རྒྱུ་གཉིས་འབྲེལ་བ་མེད་པ་ཙམ་གྱིས་མ་ཡིན་ཏེ། གཞི་མ་གྲུབ་པ་ཆོས་ཅན་དུ་བཟུང་བའི་རྟགས་སྦྱོར་ཡང་དག་དུ་མ་ཡོད་པའི་ཕྱིར། ཁྱོད་ཀྱི་རྟགས་ཀྱི་དེ་སྒྲུབ་ཀྱི་ཆོས་ཅན་དུ་འཛིན་རྒྱུ་དེའི་ཟུར་གཅིག་ལ་རྟགས་སུ་འཛིན་རྒྱུ་དེས་མ་ཁྱབ་པ་དང༌། ཁྱོད་ཀྱི་རྟགས་ཀྱི་དེ་སྒྲུབ་ཀྱི་རྟགས་སུ་འཛིན་རྒྱུ་དེའི་ཟུར་གཅིག་ལ། ཆོས་ཅན་དུ་འཛིན་རྒྱུ་དེས་མ་ཁྱབ་པས་ཆ་ནས་བཞག་པའི་གཏན་ཚིགས་ནི། རིམ་པ་བཞིན་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་པ་དང༌། རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་རྟགས་ཀྱི་དོན་ཡིན་ཏེ། རྣམ་ངེས་ཊཱིཀ་ཆེན་ལས། ཕྱོགས་ཆོས་ཀྱི་མཚན་ཉིད་སྟོན་པ་ན། རྗེས་སུ་དཔག་བྱ་ལ་ཡོད་པ་ཁོ་ནར་ངེས་པ་ཞེས་པའི་ཚིག་གི་ནུས་པ་ལས། རྗེས་སུ་དཔག་བྱ་ལ་ཡོད་པ་དང༌། དེ་ལ་ཡོད་པ་ཁོ་ན་དང༌། དེ་ལ་ཡོད་པར་ངེས་པ་དང༌། དེ་ལ་ཡོད་པ་ཁོ་ནར་ངེས་པ་བཞིས་རིམ་པ་བཞིན་དུ། རྗེས་སུ་དཔག་བྱ་ལ་གཏན་མེད་པ་དང༌། དེ་ལ་ཡོད་ཀྱང་ཁྱབ་བྱེད་དུ་མེད་པས་དོན་སྐྱོན་ཞུགས་པ་དང༌། དེ་ལྟར་དོགས་པའི་བློ་སྐྱོན་ཞུགས་པ་རྣམས་སེལ་ལ། ཞེས་དང༌། རིགས་ཐིགས་འགྲེལ་བ་ལས། ཟུར་གཉིས་པས། ལྗོན་ཤིང་ཆོས་ཅན། སྲོག་ལྡན་ཡིན་ཏེ། མཚན་མོ་ལོ་མ་ཁུམས་ཏེ་ཉལ་བའི་ཕྱིར། ཞེས་བ་ལྟ་བུ་རྩོད་གཞི་ལ་ཁྱབ་བྱེད་དུ་མེད་པ་སེལ་ལ། ཞེས་གསུངས་པའི་ཕྱིར། ཁྱོད་སྦྱོར་བ་དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བ་ཡང་ཡིན། ཁྱོད་སྦྱོར་པ་དེའི་རྟགས་སུ་འགྲོ་རྒྱུ་དེར་ངེས་ནས། སྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་ཡིན་མིན་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། སྦྱོར་བ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་དོན་དུ་བཤད་དོ། །སྐབས་འདིར། རྟག་དངོས་གཉིས་ཆོས་ཅན། རྟག་དངོས་གཉིས་ཡིན་ཏེ། རྟག་དངོས་གཉིས་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། རྟག་དངོས་གཉིས་དེ། སྦྱོར་བ་དེ་སྒྲུབ་ཀྱི་ཐ་དད་མེད་ནས་མ་གྲུབ་པ་གསུམ་དང༌། གཞི་རྟགས་ཀྱི་འབྲེལ་བ་མེད་པ་དང༌། ཕྱོགས་གཅིག་ལ་ལྟོས་ནས་མ་གྲུབ་པ་གཉིས་ཀ་ཡིན་མིན་སོགས་དང༌། བྱས་པ་ཁོ་ན་དང༌། ཉན་བྱ་ཁོ་ན་སོགས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་མིན་དང༌། ཡིན་ན་བྱས་པ་ཁོ་ན་ལས་གཞན་པའི་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡོད་མེད་དང༌། བྱས་པའི་བྱེ་བྲག་དང༌། བྱས་པ་མ་ཡིན་པ་ལས་ལོགས་པ་སོགས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་མིན་དང༌། བྱས་པ་ཁོ་ན་ཞེས་པའི་ཁོ་ནའི་སྒྲ་སྟེ། གཞན་ལྡན་རྣམ་གཅོད་ཀྱི་ཚིགས་ཕྲད་ཡིན་མིན་སོགས་དང༌། མཚན་མོ་ལོ་མ་ཁུམས་ཏེ་ཉལ་བ་དེ། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཕྱོགས་གཅིག་ལ་ལྟོས་ནས་མ་གྲུབ་པ་གཉིས་དང༌། གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་གསུམ་ག་ཡིན་མིན་དང༌། རྩོལ་བྱུང་དེ་ཡང་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་དེ་གསུམ་ག་ཡིན་མིན་སོགས་སྤྲོ། ༈ དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྦྱོར་བ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་སྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱི་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་མཚན་ཉིད། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འགོད་ཚུལ་དང་མཐུན་པར་མེད་པ་ཉིད་དུ་ཚད་མས་ངེས་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་ཉིད། ཁྱབ་པ་གཉིས་ཀའི་མཚན་ཉིད་ཀྱི་ཟུར་དུ་སྒྲུབ་བྱའི་ཆོས་ཀྱི་དོན་ལྡོག་དང་འབྲེལ་སྟོབས་ཀྱིས་ཞེས་སྨྲས་པས། མི་རྟག་པ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་ལྡོག་ཁྱབ་ཡིན་པ་གཅོད། རྗེས་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་སྨྲས་པ་དང༌། ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་མི་མཐུན་ཕྱོགས་ལ་མེད་པ་ཞེས་སྨྲས་པས། འགལ་རྟགས་རྣམས་དེ་སྒྲུབ་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་ཡིན་པ་སེལ། ༈ ཁྱོད་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག། རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་དངོས་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པ་དེ། སྦྱོར་བ་སྐོར་གཅིག་གི་འགལ་རྟགས་ཀྱི་མཚན་ཉིད། ཕྱོགས་ཆོས་གང་ཞིག་ཅེས་པས་མ་གྲུབ་པ་རྣམས་སེལ་ཞིང༌། དངོས་ཁྱབ་ཕྱིན་ཅི་ལོག་ཏུ་ངེས་པ་ཞེས་པས་མ་ངེས་པ་རྣམས་སེལ་ཏེ། མ་གྲུབ་པའི་གཏན་ཚིགས་ལ་ཕྱོགས་ཆོས་མ་གྲུབ་པ་དགོས་ཤིང༌། མ་ངེས་པའི་གཏན་ཚིགས་ལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུའང་མ་ངེས་པ་ཞིག་དགོས་པའི་ཕྱིར། འགལ་རྟགས་ལ་དབྱེ་ན། ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་དང༌། སྒྲས་ཟིན་གྱི་ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་དང༌། སྒྲས་ཟིན་གྱི་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང༌། སྒྲས་ཟིན་གྱི་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་བཞིའོ། །མཚན་གཞི་ནི་རིམ་པ་བཞིན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་པ་དང༌། དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་སྟེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། ཞེས་པ་དང༌། མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་པ་དང༌། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །དེ་ཡང་ཡིན་ཏེ། སློབ་དཔོན་ཕྱོགས་གླང་གིས། འདི་ནི་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བའོ། །འདི་ནི་ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བའོ། ཞེས་པའི་དོན་འཆད་པ་ན་ལེའུ་བཞི་པ་ལས། དེ་ནི་ལྟོས་ནས་ཆོས་དག་དང༌། །ཆོས་ཅན་ཁྱད་པར་ཡིན་པར་བརྗོད། །ཅེས་གྲངས་ཅན་གྱིས་བཀོད་པའི་ཟོལ་སྦྱོར་གྱི་རྟགས་དེ་གཉིས་ནི། དེས་བཀོད་པའི་སྦྱོར་བའི་སྒྲས་ཟིན་ལ་ལྟོས་ནས་ཆོས་ཀྱི་ཁྱད་པར་སྒྲུབ་པ་དང༌། ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་སུ་སློབ་དཔོན་ཕྱོགས་གླང་གིས་བརྗོད་པར་གསུངས་པའི་ཕྱིར། དེས་ན་འགལ་རྟགས་ཕྱི་མ་གསུམ་ནི་ཅི་རིགས་པར་སྒྲས་ཟིན་གྱི་ཆོས་ཅན་གྱི་ངོ་བོ་དང༌། ཆོས་དང་ཆོས་ཅན་གྱི་ཁྱད་པར་དག་སྒྲུབ་པའི་དེ་དང་དེའི་འགལ་རྟགས་སུ་བཞག་པ་ཡིན་གྱི། ཞེ་འདོད་ཀྱི་དབང་དུ་བྱས་ན་ཕྱི་མ་གསུམ་ཡང་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཡིན་ནོ། །དེ་ཡང་སྦྱོར་བ་དང་བོ་ནི། རྟག་པ་དེ། བྱས་པའི་རྟགས་ཀྱི་སྒྲ་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་དང༌། བྱས་པ་དེ། རྟག་པ་སྒྲའི་སྟེང་དུ་སྒྲུབ་པ་སྟེ། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པས་ན་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཟེར། སྦྱོར་བ་གཉིས་པ་ནི། ནམ་མཁའ་ཞེ་འདོད་ཀྱི་ཆོས་ཅན་གྱི་ངོ་བོ་དང༌། དངོས་གྱུར་གྱི་ནམ་མཁའ་ཞེས་པའི་སྒྲས། དངོས་པོ་དེ་ནམ་མཁའ་དང་ངོ་བོ་གཅིག་གི་ཚུལ་དུ་བརྗོད་པས། དངོས་པོ་དེ་སྒྲས་ཟིན་གྱི་ཆོས་ཅན་གྱི་ངོ་བོ་དང༌། དོན་བྱེད་ནུས་སྟོང་དེ། དངོས་པོ་ནམ་མཁའི་སྟེང་དུ་སྒྲུབ་པའི་འགལ་རྟགས་ཡིན་པས་ན། སྒྲས་ཟིན་གྱི་ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་དང༌། སྦྱོར་བ་གསུམ་ནི། སྒྲས་ཟིན་ལ་གཞན་དོན་བྱེད་པ་དེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་དང༌། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་གཞན་དོན་བྱེད་པ་དང་ངོ་བོ་ཐ་དད་པའི་ཚུལ་དུ་བརྗོད་པས། སྒྲས་ཟིན་ལ་ཆོས་ཀྱི་ཁྱད་པར་དང༌། འདུས་པ་མ་ཡིན་པའི་ཡུལ་ཅན་གྱི་དོན་བྱེད་པ་དེ། མིག་སོགས་ཀྱི་སྟེང་དུ་སྒྲུབ་པ་ལ། འདུས་བསགས་དེ་འགལ་རྟགས་ཡིན་པའི་དོན་གྱིས་ན་དེ་དེ་སྒྲུབ་ཀྱི་སྒྲས་ཟིན་གྱི་ཆོས་ཀྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་དང༌། སྦྱོར་བ་བཞི་བ་ནི། མིག་སོགས་ཆོས་ཅན་གྱི་ངོ་བོ་དང༌། སྒྲས་ཟིན་ལ་འདུས་པ་མ་ཡིན་པའི་ཡུལ་ཅན་དེ་མིག་སོགས་དང་ངོ་བོ་ཐ་དད་པའི་ཚུལ་དུ་བརྗོད་པས། སྒྲས་ཟིན་གྱི་ཆོས་ཅན་གྱི་ཁྱད་པར་དང༌། འདུས་པ་མ་ཡིན་པའི་ཡུལ་ཅན་གྱི་དོན་བྱེད་པ་དེ། མིག་སོགས་ཀྱི་སྟེང་དུ་སྒྲུབ་པ་ལ། འདུས་བསགས་དེ་འགལ་རྟགས་ཡིན་པས་ན། དེ་དེ་སྒྲུབ་ཀྱི་སྒྲས་ཟིན་གྱི་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་སུ་གསུངས་སོ། །འདི་བཞི་ལ། ཆོས་ཀྱི་ངོ་བོ་འགོག་པ་དང༌། ཆོས་ཀྱི་ཁྱད་པར་འགོག་པ་དང༌། ཆོས་ཅན་གྱི་ངོ་བོ་འགོག་པ་དང༌། ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་རྟགས་ཞེས་ཀྱང་བཤད་པའི་རྣམ་གྲངས་ཡོད་དོ། །འདུས་པ་མ་ཡིན་པའི་ཡུལ་ཅན་གྱི་དོན་ནི། རྣམ་ངེས་ཊཱིཀ་ཆེན་ལས། འདུས་པ་མ་ཡིན་པའི་ཡུལ་ཅན་ནི་རྡུལ་འདུས་པ་ཡང་མ་ཡིན། སྐད་ཅིག་འདུས་པ་ཡང་མ་ཡིན་པའི་རྣམ་འགྱུར་རྣམས་ལ་ལོངས་སྤྱོད་པའི་ཡུལ་ཅན། ཞེས་པ་ལྟར་རོ། །གྲངས་ཅན་གྱིས་མིག་སོགས་ཆོས་ཅན་ཞེས་རྩོད་གཞིར་བཟུང་བའི་སོགས་ཁོང་ནས་ཤེས་བྱ་གང་འདོན་ཞེ་ན། རིགས་རྒྱན་ལས། གདགས་གཞི་དང་བཅས་ན་མིག་གི་སོགས་ཁོང་ནས་ཤེས་བྱ་ཉེར་གསུམ་བཏོན་ནས་ཉེར་བཞི་ཆོས་ཅན་དུ་འཛིན་པ་ཡིན་ནོ། །ཞེས་དང༌། རྣམ་ངེས་ཊཱིཀ་ཆེན་ལས། བེམ་པོ་ཉེར་གསུམ་འདོན་པ་མ་ཡིན་ནོ་ཞེས་ཟེར་བས་ནི། གྲངས་ཅན་གྱིས་ཟོལ་སྦྱོར་བཀོད་ནས་ཅི་བྱེད་པ་ཡིན་པ་མ་ཤེས་པའི་སྐྱོན་ནོ།། ཞེས་གསུངས་ལ། སྡེ་བདུན་རྒྱན་ལས། རྒོལ་བ་གཉིས་ལ་མཐུན་སྣང་དུ་གྲུབ་པའི་མིག་སོགས་དབང་པོ་དང་གཟུགས་སོགས་ཡུལ་རྣམས་བདག་གི་བར་སྒྲུབ་འདོད་ནས་མིག་སོགས་ཆོས་ཅན་ཞེས་སྨྲོས་པ་ཡིན་པས། ཆོས་ཅན་གྱི་དོན་དེ་ལྟར་དུ་ཤེས་པར་གྱིས་ཤིག །ཅེས་དང༌། གྲངས་ཅན་པས་ཤེས་བྱ་ཉེར་བཞི་པོ་ཐམས་ཅད་བདག་དོན་བྱེད་པར་སྒྲུབ་དགོས་མོད་ཀྱི། འོན་ཀྱང་མིག་སོགས་དབང་པོ་དང་གཟུགས་སོགས་ཡུལ་རྣམས་བདག་གི་བར་གྲུབ་ན། གཞན་དག་ཀྱང་འབད་མེད་དུ་གྲུབ་པར་འགྱུར་ཞིང༌། དང་པོ་ནས་ཉེར་བཞི་ཆོས་ཅན་དུ་བྱས་ན་ཆོས་ཅན་ཕྱི་རྒོལ་ལ་མཐུན་སྣང་དུ་མི་འགྲུབ་ཅེས་གསུངས་སོ། །དེ་ཡང་ཡིན་ཏེ། མཛོད་ལས། གཟུགས་ཅན་བཅུ་ནི་བསགས་པའོ། །ཞེས་གསུངས་པ་ལྟར། མིག་སོགས་དབང་པོ་ལྔ་དང་གཟུགས་སོགས་དོན་ལྔ་སྟེ་གཟུགས་ཅན་བཅུ་པོ་རྡུལ་ཕྲ་རབ་བསགས་པའི་ཁམས་སུ་ནང་བ་སངས་རྒྱས་པས་ཀྱང་འདོད་དོ། །ཤེས་བྱ་ཉེར་བཞི་ཆོས་ཅན་དུ་འཛིན་པ་ལྟར་ན། གྲངས་ཅན་པས་འདོད་པའི་སྤྱི་གཙོ་བོ་དེ་ཡོད་པར་ཐལ། སྦྱོར་བ་དེའི་ཕྱོགས་ཆོས་གྲུབ་པའི་ཕྱིར་ཞེས་ཟེར་ན། རྣམ་ངེས་ཊཱིཀ་ཆེན་ལས། བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་གསུམ་ཆ་ཤས་ཆེ་ཆུང་མེད་པར་ཆ་མཉམ་པའི་གནས་སྐབས་ལ་གཙོ་བོར་འདོད་པས་དེའི་ཡང་དེ་ན་དེ་ཚད་མས་གྲུབ་ཞེས་ཅིའི་ཕྱིར་མི་སྨྲ། ཞེས་པ་ནས་ཕྱོགས་ཆོས་མ་གྲུབ་པའི་སྐྱོན་ཅུང་ཟད་ཀྱང་མེད་དོ། །ཞེས་བཤད་དོ། །དེ་ཡང་གྲངས་ཅན་གྱི་གཞུང་ལས། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་བ་མགོ་ཟླུམ་ཅོད་པན་ཅན། །ཡུལ་ནི་གང་དང་གར་གནས་ཀྱང༌། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བཤད་པ་ལྟར། བདག་དང་གཙོ་བོ་དང་ཆེན་པོ་དང་ང་རྒྱལ་དང་དེ་ཙམ་ལྔ་དང་དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་པོ་རྣམས་ལ་དེ་ཉིད་ཉི་ཤུ་རྩ་ལྔ་ཞེས་གྲངས་ཅན་པ་དག་གིས་འདོད་ཅིང༌། བདག་དང་སྐྱེ་བུ་དང་ཤེས་པ་དང་རིག་པ་རྣམས་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པས། བདག་ལས་གཞན་བའི་དབང་ཤེས་ལ་སོགས་པའི་ཤེས་པ་གཞན་གང་ཡང་མེད་པར་འདོད་དོ། །སྤྱི་དང༌། གཙོ་བོ་དང༌། རྩ་བའི་རང་བཞིན་གསུམ་ཡང་དོན་གཅིག་དང༌། བློ་དང་ཆེན་པོ་གཉིས་ཀྱང་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་དོ། །དེ་ཙམ་ལྔ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལ་འདོད་ཅིང༌། དབང་པོ་བཅུ་གཅིག་ནི། མིག་རྣ་སྣ་ལྕེ་པགས་པའི་དབང་པོ་སྟེ་བློའི་དབང་པོ་ལྔ་དང༌། ངག་དང་ལག་པ་དང་རྐང་པ་དང་འདོམས་དང་རྐུབ་ཀྱི་དབང་པོ་སྟེ་ལས་ཀྱི་དབང་པོ་ལྔ་དང་ཡིད་དབང་ངོ༌། །འབྱུང་བ་ལྔ་ནི། ས་ཆུ་མེ་རླུང་ནམ་མཁའ་ལྔའོ།། རང་བཞིན་ནི་རྒྱུ་དང༌། རྣམ་འགྱུར་ནི། འབྲས་བུའི་མིང་ཡིན་ལ། རྒྱུ་འབྲས་གཉིས་ལ་ཡིན་མིན་གྱི་མུ་བཞི་སྟེ། སྤྱི་གཙོ་བོ་ནི། རང་བཞིན་ཡིན་ལ་རྣམ་འགྱུར་མ་ཡིན་པའི་མུ་དང༌། ཆེན་པོ་དང་ང་རྒྱལ་དང་དེ་ཙམ་ལྔ་སྟེ་བདུན་ནི། རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན་པའི་མུ་དང༌། དབང་པོ་བཅུ་གཅིག་དང་འབྱུང་པ་ལྔ་ནི། རྣམ་འགྱུར་ཡིན་ལ་རང་བཞིན་མ་ཡིན་པའི་མུ་དང༌། བདག་ཤེས་རིག་པའི་སྐྱེ་བུ་ནི། རང་བཞིན་དང་རྣམ་འགྱུར་གཉིས་ཀ་གང་ཡང་མ་ཡིན་པའི་མུའོ་ཞེས་ཟེར་ཏེ། དབང་ཕྱུག་ནག་པོའི་རྒྱུད་ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང༌། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། སྐྱེ་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་བཤད་པའི་ཕྱིར། སྤྱི་གཙོ་བོ་ཞེས་བྱ་བ་དེ་ཡོད་པ་གང་ལས་ཤེས་ཞེ་ན། ཁྱད་པར་ཚད་ཕྱིར་རྗེས་འགྲོའི་ཕྱིར། །ནུས་པའི་སྒོ་ནས་འཇུག་པའི་ཕྱིར། །རྒྱུ་དང་འབྲས་བུ་དབྱེར་ཡོད་ཕྱིར། །རང་བཞིན་སྣ་ཚོགས་དབྱེར་མེད་ཕྱིར། །མི་གསལ་པ་ཡི་རྒྱུ་ཡོད་དོ། །ཞེས་རིགས་པ་ལྔའི་སྒོ་ནས་གཙོ་བོ་ཡོད་པར་སྒྲུབ་བོ། །དེ་ཡང་གཙོ་བོ་ནི། ཡོད་པ་ཡིན་ཏེ། ཁྱད་པར་རྣམས་ལ་ཚད་ཡོད་པའི་ཕྱིར་དང༌། ཡོན་ཏན་གསུམ་ཆ་མཉམ་པ་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་དང༌། རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་པའི་ནུས་པ་མཐོང་བའི་ཕྱིར་དང༌། གྲོ་ནས་ལྟ་བུའི་རང་རང་གི་ས་བོན་ལས་རང་རང་གི་མྱུ་གུ་འབྱུང་ལ། གཞན་གྱི་མྱུ་གུ་མི་འབྱུང་བའི་དབྱེ་བ་ཡོད་པའི་ཕྱིར་དང༌། འཇིག་རྟེན་གྱི་ཁམས་འཇིག་པའི་ཚེ་ཁམས་གསུམ་པོ་དབྱེར་མེད་དུ་ཐིམ་པར་འགྱུར་བའི་གནས་ཡོད་པའི་ཕྱིར་ཞེས་ཟེར་རོ། །དེ་ལྟར་ཤེས་བྱ་ཉེར་ལྔ་ལས་བདག་ཤེས་རིག་པའི་སྐྱེ་བུ་ནི་ཤེས་བྱ་ཉེར་བཞི་ལ་ལོངས་སྤྱོད་པ་བོ་དང༌། བདག་རང་གི་ངོ་བོ་ནི། རྡུལ་ཕྲ་རབ་དང་སྐད་ཅིག་གང་ཡང་འདུས་པ་མ་ཡིན་པས་རང་སྐྱ་བ་ཡིན་ལ། མིག་ལ་སོགས་པ་ཉེར་བཞི་ནི། རྡུལ་ཕྲ་རབ་བསགས་པའི་བེམ་པོ་དང༌། བདག་གི་ལོངས་སྤྱོད་བྱར་འདོད་དོ། །བདག་དེ་ནི། དབུ་མ་འཇུག་པ་ལས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །ཞེས་གསུངས་པ་ལྟར། འབྲས་བུ་རྣམས་ལ་ལོངས་སྤྱོད་པའི་ཟ་བ་པོ་དང༌། རྟག་པ་དང་དངོས་པོའི་བདག་ཉིད་ཅན་དང༌། རྣམ་འགྱུར་རྣམས་སྐྱེད་པར་བྱེད་པ་པོ་མིན་པ་དང༌། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་མེད་པ་དང༌། རྣམ་འགྱུར་རྣམས་ལ་ཁྱབ་བྱེད་ཀྱི་བྱ་བ་མེད་པ་སྟེ། ཁྱད་པར་ལྔ་ལྡན་དུ་འདོད་དོ། །དེ་ལྟར་ན། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་འདུས་བསགས་དེ། དེ་སྒྲུབ་ཀྱི་འགལ་རྟགས་མ་ཡིན་ཏེ། སྦྱོར་བ་དེའི་ཕྱོགས་ཆོས་མ་གྲུབ་པ་གང་ཞིག །དངོས་ཁྱབ་ཕྱིན་ཅི་ལོག་ཏུའང་མ་ངེས་པའི་ཕྱིར་ཞེས་ཟེར་ན། སྒྲས་ཟིན་གྱི་སྦྱོར་བ་དེ་འགལ་རྟགས་ཀྱི་སྦྱོར་བ་མིན་ཡང༌། སྒྲས་ཟིན་དང་ཞེ་འདོད་གཉིས་ལས་ཞེ་འདོད་གཙོ་བོར་བྱེད་དགོས་པས་སྐྱོན་མེད་དོ། །འོ་ན་སློབ་དཔོན་ཕྱོགས་གླང་གིས་འདི་ནི་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བའོ། །ཞེས་དང༌། འདི་ནི་ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་འགལ་བའོ། །ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། དེ་ནི་གྲངས་ཅན་པའི་སྒྲས་ཟིན་གྱིས་བརྗོད་ཚུལ་ལ་ལྟོས་ནས་ཆོས་ཀྱི་ཁྱད་པར་དག་སྒྲུབ་པའི་འགལ་རྟགས་དང༌། ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་སོགས་ཡིན་པར་བརྗོད་པ་ཡིན་ལ། མིག་སོགས་བདག་དོན་བྱེད་པ་གྲངས་ཅན་གྱིས་སྦྱོར་བ་དེ་དག་གི་སྐབས་སུ་དངོས་སུ་མ་བརྗོད་ན་ཡང་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པ་ནི། ཁོ་རང་གིས་སྒྲུབ་བྱེད་བཀོད་པའི་སྐབས་ལས་ཤིན་ཏུ་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར། དེ་ལྟར་ཡང་རྣམ་འགྲེལ་ལས། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །ཅེས་དང༌། དེ་ནི་ལྟོས་ནས་ཆོས་དག་དང༌། །ཆོས་ཅན་ཁྱད་པར་ཡིན་པར་བརྗོད། །མ་བརྗོད་ན་ཡང་འདོད་པ་ནི། །སྐབས་ལས་རྟོགས་པར་འགྱུར་བ་ཡིན། །ཞེས་སོ།། ཐོག་མར་གྲངས་ཅན་གྱིས། མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། དཔེར་ན། མལ་ཆ་དང་སྟན་བཞིན། ཞེས་བཀོད་པ་འདི་ལ། དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་ཞིང༌། རྟགས་དམ་བཅའ་དང་འགལ་བའི་ཉེས་པའང་ཡོད་དེ། སློབ་དཔོན་དབྱིག་གཉེན་གྱིས། གལ་ཏེ་བདག་གཞན་དེ་མ་གྲུབ། དཔེ་ལའོ། །ཞེས་གྲངས་ཅན་ཁྱོད་ཀྱིས་གཞན་ཞེས་པ་དེ། རང་སྐྱ་བའི་བདག་ལ་བསམ་པ་ཡིན་ཞིང༌། མལ་ཆ་དང་སྟན་གྱིས་རང་སྐྱ་བའི་བདག་གི་དོན་མི་བྱེད་པས། དཔེ་སྒྲུབ་བྱའི་ཆོས་ཀྱིས་སྟོང་པར་གསུངས་སོ། །དེར་མ་ཟད་འདུས་བསགས་དེ། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་ལ་གནོད་བྱེད་ཡིན་པས། རྟགས་བསྒྲུབ་བྱ་དང་འགལ་བའི་ཉེས་པའང་ཡོད་ཅེས་འཆད་པ་ལ། དེ་དཔེར་རྗེས་འགྲོ་མེད་པ་ཡི། །སྐྱོན་ཡང་ཅི་སྐད་བདག་གཞན་ན། །དེ་མ་གྲུབ་ཅེས་བཤད་བཞིན་ཏེ། །དེར་ནི་འདོད་ལ་གནོད་བྱེད་ཡིན། །གལ་ཏེ་གང་ལ་རྩོད་པ་ཡིས། །བསྒྲུབ་བཀོད་དེ་བསྒྲུབ་བྱ་མིན་ན། །བསྒྲུབ་བྱ་ཅི་ཡིན་གཞན་དུ་ན། །མི་འདོད་པའང་འབྲས་མེད་འགྱུར། །ཞེས་དང༌། ཐར་ལམ་གསལ་བྱེད་ལས། རྟགས་དེའི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་དེ་མཐུན་དཔེར་རྗེས་འགྲོ་མེད་པ་ཡི་སྐྱོན་ཡང་ཡོད་དེ། བདག་རྟག་པའི་དོན་བྱེད་པ་དེ་མཐུན་དཔེ་མལ་ཆ་སོགས་ལ་རྗེས་འགྲོ་མི་བྱེད་པའི་ཕྱིར། ཁྱབ་པར་ཐལ། ཇི་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས། ཁྱོད་ཀྱི་བེམ་པོ་ཉེར་བཞི་ལས་གཞན་དེ་གང་ཡིན་ཞེས་དྲིས་པ་ན། རྟག་པའི་བདག་དེ་ཉིད་གཞན་གྱི་སྒྲས་བརྗོད་པ་ཡིན་ནོ་ཞེས་སྨྲས་པའི་ཚེ་ན། སློབ་དཔོན་གྱིས་དེ་དཔེ་ལ་རྗེས་འགྲོ་མ་གྲུབ་ཅེས་བཤད་པའི་ཕྱིར། དེ་བཞིན་དུ་འདིར་ཡང་དཔེ་ལ་རྗེས་འགྲོ་མེད་པའི་ཉེས་པ་སྟོན་པའོ། །རྟགས་དེར་ནི་ཆོས་ཅན། ཞེ་འདོད་མིག་སོགས་བདག་རྟག་པའི་དོན་བྱེད་པ་ལ་གནོད་བྱེད་ཡིན་ཏེ། དེའི་ལོག་ཕྱོགས་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་འདུས་ཤིང་བསགས་པའི་ཆོས་ཅན། ཁྱོད་ཀྱིས་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཅི་ཡིན་མེད་པར་ཐལ། མིག་སོགས་བདག་རྟག་པའི་དོན་བྱེད་པ་ཡིན་མིན་གང་ལ་རྩོད་པ་ཡིས་དོན་དེ་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་དུ་ཁྱོད་ཀྱིས་བཀོད་པའི་དོན་དེ་ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་མིན་ན། སྐབས་འདིར་ཞེ་འདོད་སྒྲུབ་རྒྱུ་གཞན་མེད་པའི་ཕྱིར། ཞེ་འདོད་ལས་གཞན་དུ་སྨྲས་ཆོས་གཞན་དོན་བྱེད་པ་བསྒྲུབ་བྱ་ཡིན་ན། ཁྱོད་ཀྱིས་རྒོལ་བ་སྒྲུབ་མི་འདོད་པ་སྒྲུབ་པའོ། །ཕྱིར་རྒོལ་གྱི་ངོར་སྒྲུབ་བྱེད་བཀོད་པ་འབྲས་བུ་མེད་པར་འགྱུར་བར་ཐལ། མིག་སོགས་གཞན་དོན་བྱེད་པ་དེ་ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་གང་ཞིག་དེ་ཕྱིར་རྒོལ་སངས་རྒྱས་པས་སྔར་ནས་གྲུབ་ཟིན། གྲངས་ཅན་རང་ཉིད་ཀྱང་དེ་དག་གིས་འབྲས་བུ་བསྐྱེད་པ་ཙམ་ཞིག་སྐབས་འདིར་སྒྲུབ་མི་དགོས་པའི་ཕྱིར། ཞེས་དང༌། མིག་གི་སོགས་ཁོངས་ནས་བེམ་པོ་ཉེར་གསུམ་བཟུང་ལ། ཕྱོགས་ཆོས་མ་གྲུབ་པའི་སྐྱོན་མེད་དེ། བློ་གྲངས་ཅན་གྱིས་བེམ་པོར་འདོད་ཅིང་བློ་ཙམ་སངས་རྒྱས་པས་ཀྱང་འདོད་ཅིང༌། གྲངས་ཅན་གྱིས་ཀྱང་བློར་ཐ་སྙད་འདོགས་པའི་གཞི་བཟུང་རྣམས་ལ་བསམ་པའི་ཕྱིར། གཙོ་བོའི་ཐ་སྙད་མི་འདོགས་ཀྱང་བདེ་སྡུག་བཏང་སྙོམས་གསུམ་ཆ་མཉམ་པའི་ཆ་སངས་རྒྱས་པ་རང་ཉིད་ཀྱང་ཁས་ལེན་པས་སོ། །དེ་ལྟ་མ་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ཡང་རྩོད་གཞི་མཐུན་སྣང་དུ་མ་གྲུབ་པར་འགྱུར་ཏེ། གྲངས་ཅན་གྱིས་སྒྲ་རྟག་པར་འདོད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་གཞུང་ཚད་ལྡན་རྣམས་ལས་གསུངས་ཚུལ་མི་མཐུན་པ་དག་བྱུང་ན། རང་གི་བློ་ངོར་གང་བདེ་བ་དེ་བཟུང་ནས། ཅིག་ཤོས་བཤད་པའི་རྣམ་གྲངས་སུ་བྱ་དགོས་པར་གསུངས་པ་ནི་འདིར་ཡང་འདྲའོ། །འོན་ཀྱང་ཉེར་བཞི་ཆོས་ཅན་དུ་འཛིན་པ་ལྟར་ན། ཡིད་དབང་འདུས་བསགས་ཡིན་པར་རྒོལ་བ་གཉིས་ཀས་མཐུན་སྣང་དུ་གྲུབ་མ་གྲུབ་དང༌། གྲངས་ཅན་པས་ཡིད་དབང་ལ་གང་འཇོག་སོགས་དང༌། ནམ་མཁའ་རྒོལ་བ་གཉིས་ཀས་འདུས་བསགས་ཡིན་པར་གྲུབ་མ་གྲུབ་དང༌། འབྱུང་བ་ལྔའི་ནང་གི་ནམ་མཁའ་ལ་བྱེ་བྲག་སྨྲ་པས་འདོད་པ་ལྟར་གྱི་སྐྱེ་བུའི་གདགས་གཞིའི་ནམ་མཁའ་དེ་འམ། མིག་ཤེས་ལ་སྣང་བའི་བར་སྣང་སྐྱ་སེང་དང༌། ཐོགས་རེག་བཀག་ཙམ་གྱི་ནམ་མཁའ་གང་འཇོག་སོགས་སྦྲོ་ལ། མིག་སོགས་གཟུགས་ཅན་བཅུ་ཆོས་ཅན་དུ་འཛིན་པ་ལྟར་ན་ཡང༌། གྲངས་ཅན་པས་མིག་དབང་སོགས་རྟོགས་མ་རྟོགས་དང༌། དེས་མིག་དབང་རྟོགས་ན་མིག་དབང་གི་མཚན་ཉིད་རྟོགས་དགོས་མིན་དང༌། རྟོགས་ན་སྔ་རྒོལ་གྲངས་ཅན་གྱིས་མིག་ཤེས་ཀྱི་བདག་སྐྱེ་ཁས་ལེན་མིན་སོགས་དང༌། གཞན་ཡང༌། སྔ་རྒོལ་བྱེ་བྲག་པས། དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་སྟེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། ཞེས་བཀོད་པའི་སྦྱོར་བ་ནི། དངོས་ཁྱབ་ཕྱིན་ཅི་ལོག་ཏུ་མ་ངེས་པས་འགལ་རྟགས་ཀྱི་སྦྱོར་བ་མ་ཡིན་ལ། ཞེ་འདོད་ཀྱི་སྦྱོར་བ་ནི། ནམ་མཁའ་ཆོས་ཅན། དངོས་པོ་ཡིན་ཏེ། དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། ཞེས་པ་འདི་ཡིན་པས། འདིའི་ཕྱོགས་ཆོས་རྒོལ་བ་གཉིས་ཀས་མཐུན་སྣང་དུ་གྲུབ་མ་གྲུབ་དང༌། མ་གྲུབ་ན། སློབ་དཔོན་ཕྱོགས་གླང་གིས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱི་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ༌། །ཞེས་གསུངས་པ་དང་འགལ་ཞིང༌། ནམ་མཁའ་དོན་བྱེད་ནུས་སྟོང་དུ་སྔ་རྒོལ་བྱེ་བྲག་པས་མ་རྟོགས་ན། དོན་བྱེད་ནུས་སྟོང་དེ། ནམ་མཁའ་དངོས་པོར་སྒྲུབ་པའི་སྔ་རྒོལ་ལ་ལྟོས་པའི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ཞིང༌། རྟོགས་ན། རྒོལ་བ་གཉིས་ཀས་ཐུན་མོང་དུ་ནམ་མཁའ་དོན་བྱེད་ནུས་སྟོང་དུ་རྟོགས་ཅེས་པའི་ནམ་མཁའ་ནི། ཐོགས་རེག་བཀག་ཙམ་གྱི་ནམ་མཁའ་དེ་འམ་བར་སྣང་སྐྱ་སེང་ལ་བྱེ་བྲག་པས་ནམ་མཁའ་ཞེས་བཏགས་པ་དེ་གང་ཡིན་དང༌། ཕྱི་མ་ལྟར་ན་བར་སྣང་སྐྱ་སེང་དོན་བྱེད་ནུས་སྟོང་དུ་རྟོགས་པ་མི་སྲིད་པའི་ཕྱིར་དང༌། དང་པོ་ལྟར་ན། བྱེ་བྲག་པས་ཐོགས་རེག་བཀག་ཙམ་གྱི་མེད་དགག་དོན་བྱེད་ནུས་སྟོང་དུ་རྟོགས་མ་རྟོགས་མ་རྟོགས་དང༌། དེས་ནམ་མཁའ་རྟོགས་ན་ནམ་མཁའ་ནམ་མཁའ་ཡིན་པ་དང༌། ནམ་མཁའི་མཚན་ཉིད་རྟོགས་དགོས་མིན་སོགས་སྤྲོ། ༈ ཚུལ་ཕྱི་མ་གཉིས་ནི། རིགས་ཐིགས་འགྲེལ་བ་ལས། རྗེས་ཁྱབ་ཀྱི་མཚན་ཉིད་ནི། བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང༌། ཞེས་དང༌། ལྡོག་ཁྱབ་ཀྱི་མཚན་ཉིད་ནི། བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་གསུངས། རྗེས་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པ་ཞེས་པས། བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པ་ལྟ་བུའི་འགལ་རྟགས་དང༌། ཉན་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པ་ལྟ་བུའི་ཐུན་མོང་མ་ཡིན་པའི་མ་ངེས་པ་དག་སེལ་ཏེ། སློབ་དཔོན་ཛ་མཱ་རིའི་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ལས། ཡོད་པ་སྨོས་པས་འགལ་པ་རྣམ་པར་གཅོད་དོ། །ཞེས་དང༌། སློབ་དཔོན་དུ་བ་ལྷའི་རིགས་ཐིགས་ཀྱི་འགྲེལ་བ་སློབ་ཕན་ལས། འདིར་ཡོད་པ་སྨོས་པས་ནི། ཐུན་མོང་མ་ཡིན་པའི་མ་ངེས་པ་སེལ་ཏེ། ཞེས་དང་སློབ་དཔོན་ཆོས་མཆོག་གི་ཚད་མ་རྣམ་པར་ངེས་པའི་འགྲེལ་བ་འཐད་ལྡན་ལས། འདིར་ཡོད་པ་སྨོས་པས། འགལ་བ་བསལ་བ་ཡིན་ཏེ། དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་ལ་ཞེས་པའི་ཁོ་ནའི་སྒྲས། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་ཐུན་མོང་བའི་མ་ངེས་པ་སེལ་ཏེ། གཞལ་བྱ་ནི་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པའི་ཕྱིར། སློབ་དཔོན་ཛེ་ཏཱ་རིའི་བྱིས་པ་འཇུག་པའི་རྟོག་གེ་ལས། ཉིད་སྨོས་པས་ཐུན་མོང་བ་གཅོད། ཅེས་དང༌། ཁོ་ནའི་ཡི་གེས་ཐུན་མོང་གི་རྟགས་བསལ་ཏེ། ཞེས་དང༌། འཐད་ལྡན་ལས། ཉིད་སྨྲས་པས། ཐུན་མོང་གི་མ་ངེས་པ་ཉིད་བསལ་ཏེ། དེ་ནི་མཐུན་ཕྱོགས་ཁོ་ན་ཡོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཉིས་ཀ་ལ་ཡོད་པ་ཡིན་ནོ་ཞེས་སོ། །མཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་པ་ཞེས་པས། ཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་དང༌། མིག་དང་ལྡན་པའི་རྟགས་ཀྱིས། སྐྱེས་བུ་ཕ་རོལ་བོ་སྐྱེས་པ་སྔོན་མ་ལྷ་ནས་ཚེ་འཕོས་པར་སྒྲུབ་པ་ལྟ་བུའི་ཐུན་མོང་མ་ཡིན་པའི་མ་ངེས་པ་དག་སེལ་ཏེ། ཐུན་མོང་མ་ཡིན་པའི་མ་ངེས་པ་ལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ལ་ཡང་ཡོད་པར་མ་ངེས་པ་ཞིག་དགོས་པའི་ཕྱིར། ཚད་མས་ངེས་པ་ཞེས་པས། ལྷག་ལྡན་གྱི་མ་ངེས་པ་དག་སེལ་ཏེ། འཐད་ལྡན་ལས། ངེས་པའི་ཚིག་གིས་ནི་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བ་ལ་མ་ངེས་པ་ཉིད་བསལ་བ་ཡིན་ཏེ། ཇི་ལྟར་སྨྲ་བའི་ཕྱིར། འགའ་ཞིག་ནི། ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་སྨྲ་བ་ཉིད་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་གསུངས་ལ། དེ་ཡང་མཐུན་ཕྱོགས་ལ་ཡོད་པར་ངེས་པ་ཞེས་པས། དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་རྟགས་དེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ལ། མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་འགལ་བ་ལྷག་ལྡན་སེལ་ཞིང༌། མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པས། དེ་སྒྲུབ་ལ་ཕྱོགས་ཆོས་སུ་སོང་བའི་གང་ཟག་གི་རྟགས་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་ཀྱང་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་མ་ངེས་པས། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ཡང་དག་ལྷག་ལྡན་བསལ་ཏེ། དེ་ལྟར་ཡང་རྣམ་ངེས་ཊཱིཀ་ཆེན་ལས། རྗེས་ཁྱབ་ཀྱི་མཚན་ཉིད་སྟོན་པ་ན་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཞེས་པའི་ཚིག་གི་ནུས་པ་ལས། མཐུན་ཕྱོགས་ལ་ཡོད་པ་དང༌། མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དང༌། མཐུན་ཕྱོགས་ལ་ཡོད་པར་ངེས་པ་དང༌། མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་བཞི་འབྱུང་ལ། དེ་དག་གིས་རིམ་པ་བཞིན་དུ་མཐུན་ཕྱོགས་ལ་མེད་པ་དང༌། མི་མཐུན་ཕྱོགས་ལ་ཡོད་པའི་དོན་སྐྱོན་ཞུགས་པ་དང༌། མཐུན་ཕྱོགས་ལ་མེད་པར་དོགས་པ་དང༌། མི་མཐུན་ཕྱོགས་ལ་ཡང་ཡོད་པར་དོགས་པའི་གཏན་ཚིགས་བཞི་སེལ། ཞེས་ཤིན་ཏུ་གསལ་བར་གསུངས་སོ།།

༈ ལྡོག་ཁྱབ་ནི། འཐད་ལྡན་ལས། མི་མཐུན་པའི་ཕྱོགས་འཆད་པར་འགྱུར་བའི་མཚན་ཉིད་དེ་ལ་མེད་པ་ནི་ཚུལ་གསུམ་པ་ཡིན་ནོ། །ཞེས་སོ། །ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཞེས་སྨོས་པས། འགལ་རྟགས་དང༌། མཉན་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པ་ལྟ་བུའི་ཐུན་མོང་མ་ཡིན་པའི་མ་ངེས་པ་སེལ་ཏེ། སློབ་ཕན་ལས། འདིར་མེད་པ་ཞེས་པས་ནི། ཐུན་མོང་མ་ཡིན་པའི་མ་ངེས་པ་དང་འགལ་བ་བསལ་ཏེ། ཞེས་གསུངས་པའི་ཕྱིར། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་ཅེས་པས། མི་རྟག་པའི་རྟགས་ཀྱིས་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལྟ་བུའི་ཐུན་མོང་བའི་མ་ངེས་པ་སེལ་ཏེ། འཐད་ལྡན་ལས། ཉིད་སྨོས་པས་ནི་མི་མཐུན་པའི་ཕྱོགས་གཅིག་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་དུ་བསྒྲུབ་པར་བྱ་བ་ལ། མི་རྟག་པ་ཉིད་ནི་མི་མཐུན་པའི་ཕྱོགས་གཅིག་གློག་ལ་སོགས་པ་ལ་ཡོད་པ་ཡིན་ལ། ནམ་མཁའ་ལ་སོགས་པ་ལ་ནི་མེད་པ་ཡིན་ནོ། །ཞེས་དང༌། རིགས་སྒོ་ལས། མི་མཐུན་པའི་ཕྱོགས་ཀྱི་ཡུལ་གཅིག་ལ་ཡོད་ལ། མཐུན་ཕྱོགས་ལ་ཁྱབ་པ་ནི་ཇི་ལྟར་སྒྲ་རྩོལ་བ་ལས་བྱུང་བ་ཉིད་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་པའོ། །ཞེས་སོ། །མེད་པ་ཉིད་དུ་ཚད་མས་ངེས་པ་ཞེས་སྨོས་པས། ཐུན་མོང་བའི་ལྷག་ལྡན་གྱི་མ་ངེས་པ་སེལ་ཏེ། འཐད་ལྡན་ལས། ངེས་པ་སྨོས་པས་ནི། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསལ་བ་ཡིན་ནོ། །ཞེས་དང༌། རྟོག་གེ་ལས། ངེས་པ་སྨོས་པས་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་སྟེ། དཔེར་ན། སྐྱེས་བུ་འདི་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། སྨྲ་བ་ཉིད་ཀྱི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་སོ། །རྣམ་ངེས་ཊཱིཀ་ཆེན་ལས། ལྡོག་ཁྱབ་ཀྱི་མཚན་ཉིད་སྟོན་པ་ན་མི་མཐུན་པའི་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་ཞེས་པའི་ཚིག་གི་ནུས་པ་ལས། མི་མཐུན་ཕྱོགས་ལ་མེད་པ་དང༌། དེ་ལ་མེད་པ་ཁོ་ནར་ངེས་པ་བཞིས་རིམ་པ་བཞིན་དུ་མི་མཐུན་ཕྱོགས་ལ་ཡོད་པ་དང༌། དེ་ལ་ཡོད་པ་ཁོ་ནའི་དོན་སྐྱོན་ཞུགས་པ་དང༌། དེ་ལྟར་རྟོགས་པའི་བློ་སྐྱོན་ཞུགས་པ་རྣམས་སེལ་ལ། ཞེས་གསུངས་སོ། །དེས་ན་ཕྱོགས་ཆོས་དང་ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་སྦྱར་བའི་ཉིད་སྒྲའི་ཚིག་ཕྲད་དག་ནི་མི་ལྡན་རྣམ་གཅོད་དང༌། རྗེས་ཁྱབ་ཀྱི་མཚན་ཉིད་དུ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་པའི་ཁོ་ནའི་ཚིག་ཕྲད་ནི་གཞན་ལྡན་རྣམ་གཅོད་ཡིན་ཏེ། སྔ་མ་གཉིས་ནི་ཁྱད་པར་དང་ཚིག་ཕྲད་ལྷན་ཅིག་སྦྱར་བའི་ཕྱིར་དང༌། རྗེས་ཁྱབ་ཀྱི་ཚིག་ཕྲད་ནི། ཁྱད་པར་ཅན་དང༌། ལྷན་ཅིག་སྦྱར་བའི་ཕྱིར་རོ། །ཚད་མ་མདོའི་འགྲེལ་པ་ལས། རྗེས་ཁྱབ་ལ་མི་ལྡན་རྣམ་གཅོད་ཀྱི་ཚུལ་དུ་ངེས་བཟུང་མི་སྦྱོར་ཏེ། མཐུན་ཕྱོགས་ལ་ཆ་གཉིས་པ་ལ་རྗེས་ཁྱབ་མ་གྲུབ་པར་འགྱུར་རོ། །ཞེས་དང༌། ལྡོག་ཁྱབ་ལ་གཞན་ལྡན་རྣམ་གཅོད་ཀྱི་ལྡོག་ཚུལ་མི་སྦྱོར་ཏེ། མཐུན་ཕྱོགས་ལ་ཆ་གཉིས་པ་ལྡོག་ཁྱབ་མ་གྲུབ་པར་འགྱུར་རོ། །ཞེས་སོ། །མ་ངེས་པའི་གཏན་ཚིགས་ནི། ༈ ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པ་གང་ཞིག་ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། དེ་སྒྲུབ་ཀྱི་ཁྱབ་པ་རྣལ་མར་ཡང་མ་ངེས་ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པ་དེ། སྦྱོར་པ་སྐོར་གཅིག་གི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་དང༌། ཐུན་མོང་བའི་མ་ངེས་པའི་རྟགས་གཉིས། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ལ་ཡང་ཡོད་པར་མ་ངེས་པ་དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་ཀྱང་ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་པའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འཇུག་པར་མ་མཐོང་བའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དང༌། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་ཀྱང་ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འཇུག་པར་མ་མཐོང་པའི་དེ་དང༌། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་ཀྱང༌། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ལ་ཡང་འཇུག་པར་མ་ངེས་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་གསུམ་ཡོད། དེ་ཡང་དཔེར་ན་དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། ཉན་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་ཉན་བྱ་ལྟ་བུའོ། །གཉིས་པ་ནི། སྒྲ་ཆོས་ཅན། རྟག་སྟེ། ཉན་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་ཉན་བྱ་ལྟ་བུའོ། །གསུམ་པ་ནི། སྐྱེ་བུ་ཕ་རོལ་བོ་ཆོས་ཅན། ལྷ་ལས་ཚེ་འཕོས་པ་ཡིན་ཏེ། མིག་དང་ལྡན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་མིག་ལྡན་ལྟ་བུའོ། །ཅིའི་ཕྱིར་འདི་དག་ལ་ཐུན་མོང་མ་ཡིན་པའི་མ་ངེས་པར་བཤད་ཅེ་ན། དེ་དག་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གསུམ་གྱི་ནང་ནས་ཤེས་འདོད་ཆོས་ཅན་ཁོ་ན་ལ་ཡོད་པར་ངེས་ཀྱི། དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ལ་ཡང་ཡོད་པར་མ་ངེས་པས་ན་དེ་ལྟར་བཤད་པའི་ཕྱིར། གཉིས་པ་སྦྱོར་བ་སྐོར་གཅིག་གི་ཐུན་མོང་བའི་མ་ངེས་པ་ལ་མཚན་ཉིད་དང༌། དབྱེ་བ་གཉིས། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག་ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་འཇུག་པར་ངེས་པ་དེ། སྐྱོར་བ་སྐོར་གཅིག་གི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། དབྱེ་ན། ཐུན་མོང་བའི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང༌། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གཉིས། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀར་འཇུག་པར་ངེས་པ་དེ། དེ་སྒྲུབ་ཀྱི་ཐུན་མོང་བའི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་དང༌། མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པ་དང༌། མཐུན་ཕྱོགས་ལ་ཁྱབ་བྱེད་དང་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང༌། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་ཐུན་མོང་བའི་དངོས་ཀྱི་མ་ངེས་པ་དང་བཞི་ཡོད། དང་པོ་ནི། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་གཞལ་བྱ་ལྟ་བུ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག དེ་སྒྲུབ་ཀྱི་མཐུན་ཕྱོགས་རྟག་པ་དང༌། མི་མཐུན་ཕྱོགས་མི་རྟག་པ་གཉིས་ཀ་ལ་ཁྱབ་བྱེད་དུ་ཡོད་པའི་ཕྱིར། དེ་ལྟར་ཡང་རིགས་ཐིགས་ལས། སྒྲ་རྟག་པ་ཉིད་ཀྱི་ཆོས་སུ་སྒྲུབ་པ་ལ་གཞལ་བྱ་ཉིད་བཀོད་པ་ནི། མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པའོ། །ཞེས་གསུངས་སོ། །གཉིས་པ་ནི། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་བཀོད་པ་ན་རེག་བྱ་ཅན་མ་ཡིན་པ་དང༌། སྔོ་འཛིན་མིག་ཤེས་ཆོས་ཅན། མངོན་སུམ་ཡིན་ཏེ། དབང་ཤེས་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དབང་ཤེས་ལྟ་བུའོ། །འོན་ཀྱང་དོན་གྱི་གནས་ཚོད་ལྟར་ན། རྟག་པ་ཡིན་ན། རེག་བྱ་ཅན་མ་ཡིན་པས་ཁྱབ་པ་ཡོད་པས། རེག་བྱ་ཅན་མ་ཡིན་པ་ནི། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་མ་ཡིན་ཡང༌། འདི་ལྟར་གསུངས་པ་ནི། བྱེ་བྲག་པའི་བསམ་ངོ་ལ་ལྟོས་ནས་ཡིན་ཏེ། དེས་འབྱུང་བཞིའི་རྡུལ་ཕྲ་རབ་རྣམས་རེག་བྱ་ཅན་མ་ཡིན་པ་དང༌། རྟག་པ་གཉིས་ཀའི་གཞི་མཐུན་དུ་འདོད་པའི་ཕྱིར། རྣམ་ངེས་ཊིཀ་ཆེན་ལས། དངོས་པོ་ལ་གནས་པའི་གཉིས་ཀ་ལ་འཇུག་པ་ཡང་ཡོད་མོད་ཀྱི། འདི་ནི་ཕྱི་རྒོལ་གྱི་འདོད་པ་ལ་ཡང་ལྟོས་པ་སྟེ། མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ནམ་མཁའ་ལ་འཇུག་ཀྱང༌། འབྱུང་བཞིའི་རྡུལ་ཕྲན་རྟག་པ་ལ་མི་འཇུག་པ་དང༌། མི་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་སེམས་པའི་ལས་ལ་འཇུག་ཀྱང༌། བུམ་པ་ལ་མི་འཇུག་པ་ལྟ་བུའོ། །ཞེས་དང༌། རིགས་ཐིགས་འགྲེལ་བ་ལས། མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ནམ་མཁའ་ལ་འཇུག་ཀྱང༌། རྡུལ་ཕྲ་རབ་ལ་མི་འཇུག་སྟེ། བྱེ་བྲག་པས་རྡུལ་ཕྲ་རབ་རྟག་པར་ཁས་ལེན་ཅིང༌། ལུས་ཅན་གྱི་དོན་ཁས་བླངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཕྱི་རོལ་བྱེ་བྲག་པས་ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་འདུས་པར་འདོད་དེ། རྫས་དང༌། ཡོན་ཏན་དང༌། སྤྱི་དང་བྱེ་བྲག་དང༌། ལས་དང༌། འདུ་བ་དྲུག་ཏུའོ། རྫས་ལ་གཉིས་ཏེ། ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ནི་འབྱུང་བཞིའི་རྡུལ་དང་ཡིད་དོ། །ཐམས་ཅད་དུ་སོང་བའི་རྫས་ནི། བདག་དང་དུས་དང་ཕྱོགས་དང་ནམ་མཁའ་བཞིའོ། །ཡོན་ཏན་ལ་དབྱེ་ན། ཆེན་པོ་དང་ཆུང་ངུ་དང་རིང་པོ་དང་ཐུང་ངུ་བཞི་ཡོད་དོ།། ཆེན་པོ་ལ་ཡང་རྟག་པ་དང་མི་རྟག་པའི་ཆེན་པོ་གཉིས་ལས། རྟག་པའི་ཆེན་པོ་ནི་རྫས་ཕྱི་མ་བཞི་ལ་བརྟེན་པའི་ཡོན་ཏན་ནོ། །དེ་ལས་གཞན་པའི་ཡོན་ཏན་ཐམས་ཅད་ལ་ལུས་ཅན་གྱི་སྒྲ་འཇུག་པར་འདོད་དོ། །གསུམ་པ་མཐུན་ཕྱོགས་ལ་ཁྱབ་བྱེད་དང་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ནི། དུང་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་བཀོད་པ་ན་མི་རྟག་པ་ལྟ་བུའོ། །དེ་ཡང་མཐུན་ཕྱོགས་རྩོལ་བྱུང་ལ་མི་རྟག་པས་ཁྱབ་ཀྱང༌། མི་མཐུན་ཕྱོགས་རྩོལ་བྱུང་མ་ཡིན་པ་ལ། མི་རྟག་པ་ཡིན་མིན་གཉིས་ཡོད་པའི་ཕྱིར། བཞི་བ་ནི། དུང་སྒྲ་ཆོས་ཅན། རྩོལ་བྱུང་མ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་མི་རྟག་པ་ལྟ་བུ་ཡིན་ཏེ། དེ་ནི་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་རྩོལ་བྱུང་ལ་ཁྱབ་བྱེད་དང༌། མཐུན་ཕྱོགས་རྩོལ་བྱུང་མ་ཡིན་པ་ལ་མི་རྟག་པ་ཡིན་མིན་གཉིས་ཡོད་པའི་ཕྱིར། གཉིས་པ་ཐུན་མོང་བའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ལ་མཚན་ཉིད་དང༌། དབྱེ་བ་གཉིས། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་འཇུག་པར་ངེས་ལ། མི་མཐུན་ཕྱོགས་ལས་ལྡོག་མི་ལྡོག་ཐེ་ཚོམ་ཟ་བ་དང༌། མི་མཐུན་ཕྱོགས་ལ་འཇུག་པར་ངེས་ལ། མཐུན་ཕྱོགས་ལས་ལྡོག་མི་ལྡོག་ཐེ་ཚོམ་ཟ་བ་གང་རུང་ཡིན་པར་ངེས་པ་དེ། དེ་སྒྲུབ་ཀྱི་ཐུན་མོང་པའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། །དེ་ལ་དབྱེ་ན་ཡང་དག་ལྷག་ལྡན་དང་འགལ་བ་ལྷག་ལྡན་གཉིས་ཡོད། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འཇུག་པར་ངེས་ལ། མི་མཐུན་ཕྱོགས་ལ་མ་མཐོང་ཡང་དེ་ལས་ལྡོག་པ་ལ་ཐེ་ཚོམ་དང་བཅས་པའི་གཏན་ཚིགས་དེ། དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། དཔེར་ན། སྐྱེ་བུ་ཕ་རོལ་པོ་ཆོས་ཅན། ཀུན་མཁྱེན་མ་ཡིན་ཏེ། ངག་སྨྲ་བའི་ཕྱིར། ཞེས་བཀོད་པའི་ཚེ་ན་ངག་སྨྲ་བ་ལྟ་བུའོ། །ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ལ། མཐུན་ཕྱོགས་ལ་མ་མཐོང་ཡང་དེ་ལས་ལྡོག་པ་ལ་ཐེ་ཚོམ་དང་བཅས་པའི་གཏན་ཚིགས་དེ། དེ་སྒྲུབ་ཀྱི་འགལ་བ་ལྷག་ལྡན་གྱི་མཚན་ཉིད། དཔེར་ན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། འདོད་ཆགས་དང་བྲལ་བ་ཡིན་ཏེ། ངག་སྨྲ་བའི་ཕྱིར། ཞེས་བཀོད་པ་ན་ངག་སྨྲ་བ་ལྟ་བུའོ། །རྗེས་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཞེས་པའི་ཚིག་ཕྲད་ནི། གཞན་ལྡན་རྣམ་གཅོད་ཀྱི་ཚིག་ཡིན་ཏེ། ཁྱད་པར་ཏེ་ཁྱད་ཆོས་དང༌། ཁྱད་པར་གྱི་གཞི་གཉིས་ལས། ཁྱད་གཞི་དང་ཁོ་ན་ལྷན་ཅིག་སྦྱར་བའི་ཕྱིར། ཚད་མ་མདོའི་རང་འགྲེལ་ལས། དེ་དང་མཐུན་པ་ཁོ་ན་ལ་ཡོད་ཅེས་ངེས་པར་བཟུང་བའི་ཕྱིར། དེ་དང་མཐུན་པ་ལ་ཡོད་པ་ཁོ་ནའོ། །ཞེས་པ་ནི་བརྗོད་པར་མི་བྱ་བའི་ཕྱིར་རོ། །ཞེས་དང༌། རྣམ་འགྲེལ་ལས། ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་གཞན་ལྡན་དང༌། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། ཁྱད་པར་ཁྱད་པར་ཅན་དག་དང༌། །བྱ་བ་དག་ནི་ལྷན་ཅིག་བརྗོད། །ཅེས་དང༌། རྣམ་བཤད་ལས། གཏན་ཚིགས་ཀྱི་ཆོས་ཀྱི་ཁོ་ནའི་ཚིག་ཕྲད་སྦྱར་ས་ཐ་དད་པར་སྦྱར་བས་རྣམ་གཅོད་དུ་མའི་བྱ་བ་བྱེད་པའི་ཕྱིར། བྱས་བ་སྒྲ་ལ་ཡོད་པ་ཁོ་ན་ཞེས་བརྗོད་པ་ན་མི་ལྡན་པ་གཅོད་དེ། ཁྱད་པར་ཡོད་ཆོས་དང་ངེས་བཟུང་ལྷན་ཅིག་ཏུ་སྦྱར་བའི་ཕྱིར། བྱས་པ་སྒྲ་ཁོ་ན་ལ་ཡོད་ཅེས་སྨྲོས་ན་གཞན་ལ་ལྡན་པ་གཅོད་དེ། དེའི་ཚེ་ཁྱད་པར་ཅན་དང་ངེས་བཟུང་ལྷན་ཅིག་ཏུ་བརྗོད་པའི་ཕྱིར། བ་ལས་བེའུ་འབྱུང་བ་སྲིད་པ་ཁོ་ན་ཞེས་སྨོས་ན། ཤིན་ཏུ་མི་སྲིད་པ་རྣམ་པར་གཅོད་པར་བྱེད་དེ། འབྱུང་སྲིད་པའི་བྱ་བ་དག་དང་ངེས་བཟུང་ལྷན་ཅིག་ཏུ་བརྗོད་པའི་ཕྱིར། གཞན་ཡང༌། བརྗོད་འདོད་ཀྱི་བསམ་པའི་དབང་གིས་ངེས་བཟུང་གི་ཚིག་མ་སྦྱར་ཡང་རྣམ་གཅོད་དུ་འགྱུར་བ་ཡོད་དེ། འདི་ཉིད་ལས། དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །དེ་དོན་ཉིད་ནི་རྟོགས་པར་འགྱུར། །གང་ཕྱིར་ངག་འབྲས་རྣམ་གཅོད་ཕྱིར། །དཔེར་ན་ནག་པ་འཕོང་སྐྱེན་པའམ། །སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། །སྔོན་པོ་མཚོ་སྐྱེ་འགྱུར་ཞེས་བཞིན། ནས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་དང༌། རྣམ་བཤད་ལས། དཔེར་ན་ནག་པ་འཕོང་སྐྱེན་ཞེས་པའམ། སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། སྔོན་པོ་མཚོ་སྐྱེས་ལ་སྲིད་པར་འགྱུར་རོ་ཞེས་པས་རིམ་པ་བཞིན་དུ་ངོས་བཟུང་དངོས་སུ་མ་སྦྱར་ཡང་མི་ལྡན་པ་དང༌། གཞན་ལ་ལྡན་པ་དང༌། མི་སྲིད་པ་རྣམ་པར་གཅོད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ནག་པ་འཕོང་སྐྱེན་ཞེས་པས། རྒྱལ་པོ་སྐྱ་བསེང་ལ་རྒྱུ་སྐར་ནག་པས་བྱིན་པའི་བུ་ནག་པ་འཕོང་སྐྱེན་པ་ཁོ་ནར་སྟོན་གྱི། ནག་པ་ལས་གཞན་པའི་འཕོང་སྐྱེན་པ་ཡོད་པ་མི་གཅོད་ལ། སྲིད་སྒྲུབ་འཕོང་སྐྱེན་ཞེས་པས་རྒྱལ་པོ་སྐྱ་བསེང་ལ་བརྒྱ་བྱིན་གྱིས་བྱིན་པའི་བུ་སྲིད་སྒྲུབ་ཁོ་ན་འཕོང་སྐྱེན་པར་སྟོན་ཅིང་གོ་སྟེ། སྲིད་སྒྲུབ་ལྟ་བུའི་འཕོང་སྐྱེན་པ་མེད་པར་གྲགས་ཤིང༌། བརྗོད་འདོད་ཀྱི་བསམ་པས་ཀྱང་དེ་ལྟར་བརྗོད་པའི་ཕྱིར། དེས་ན་བུམ་པ་ཡོད་པ་ཁོ་ན་ཡིན་ཡང༌། བུམ་པ་ཁོ་ན་ཡོད་པ་མིན་པ་སོགས་ཀྱང་ཤེས་སོ། ༈ དེ་ལྟར་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་པའི་མིང་གིས་བརྗོད་པ་ལ། ཁ་ཅིག་ན་རེ། དེ་ལྟར་ན་བྱས་པ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་སུ་རྟོགས་ན། བྱས་པའི་རྟགས་ཀྱི་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་པར་ཐལ་ཏེ། དེ་སྒྲུབ་ཀྱི་ཕྱོགས་ནི། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་བཤད་པའི་ཕྱིར་ཟེར་ན། དེའི་ལན་ནི། སྤྱིར་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ནི། སྦྱོར་བ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་བྱ་དགོས་ཀྱང༌། རྟགས་ཚུལ་དང་པོ་ཕྱོགས་ཆོས་ཞེས་པའི་ཕྱོགས་ནི། སྦྱོར་བ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཉིད་ལ་གོ་དགོས་ཏེ། དེ་སྒྲུབ་ཀྱི་རྩོད་གཞི་ནི་དེ་སྒྲུབ་ཀྱི་ཕྱོགས་དངོས་མིན་ཡང་རྟགས་ཚུལ་དང་པོ་འཆད་པའི་སྐབས་སུ་དེ་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་བསྟན་པ་ཙམ་ཡིན་པའི་ཕྱིར། འཐད་ལྡན་ལས། ཕྱོགས་ནི་ཆོས་ཅན་ཡིན་ནོ་ཞེས་སྨྲོས་ཏེ། ཕྱོགས་ཀྱི་སྒྲས་ནི་འདིར་ཆོས་ཅན་བརྗོད་པ་ཡིན་ནོ། །ཞེས་སོ། །དེ་ལ་ཁོ་ན་རེ། ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་པ་མི་འཐད་དེ། དེ་ལྟར་བཏགས་པ་ལ་དགོས་པ་མེད་པའི་ཕྱིར། སྒྲའི་བསྟན་བཅོས་ལས། དགོས་པ་མེད་པར་གཙོ་བོ་ཡི། །སྒྲ་དོན་ལས་འདས་འདོད་མ་ཡིན། །ཞེས་བཤད་པ་ལྟར་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ལན་ལ་གཉིས། ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་འདོགས་པའི་དགོས་པ་རྒྱུ་མཚན་དང་བཅས་པ་དང༌། དེ་ཉིད་བརྒལ་ལན་གྱི་སྒོ་ནས་གཏན་ལ་དབབ་པའོ། །དང་པོ་ནི། རྟགས་ཚུལ་དང་པོའི་སྐབས་སུ་རྩོད་གཞི་ལ་ཕྱོགས་ཀྱི་མིང་གིས་བཏགས་པ་ལ་དགོས་པ་ཡོད་དེ། རྩོད་གཞི་དེ་ཉིད་དེ་སྒྲུབ་ཀྱི་ཕྱོགས་ཀྱི་མིང་གདགས་སུ་རུང་བའི་ཆོས་ཅན་དུ་རྟོགས་པའི་ཆེད་དུ་ཡིན་པའི་ཕྱིར། གཞན་དུ་ན་རྟགས་ཚུལ་དང་པོ་ལ་ཆོས་ཅན་གྱི་ཆོས་ཞེས་མིང་འདོགས་དགོས་ལ། དེ་ལྟར་བཏགས་ན་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་དང་མི་མཐུན་དཔེ་ཆོས་ཅན་དག་གི་ཆོས་སུ་གྲུབ་པ་ཐམས་ཅད་ཀྱང་དེ་སྒྲུབ་ཀྱི་ཚུལ་དང་པོ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བས། དོགས་པ་དེ་ཉིད་བཟློག་པའི་ཕྱིར་དུ་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་སྨྲས་པ་ཡིན་པའི་ཕྱིར། ཤེས་འདོད་ཆོས་ཅན་ནི་དེ་སྒྲུབ་ཀྱི་ཕྱོགས་དངོས་མིན་བཞིན་དུ་དེ་ལ་ཕྱོགས་ཀྱི་མིང་གིས་འདོགས་པའི་རྒྱུ་མཚན་ཡང་ཡོད་དེ། སྦྱོར་བ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་ཤེས་འདོད་ཆོས་ཅན་གཉིས་ཀྱི་ཚོགས་དོན་ནི་ཕྱོགས་དངོས་ཡིན་ལ། དེ་སྒྲུབ་ཀྱི་ཆོས་དང་ཆོས་ཅན་རེ་རེ་བའང་ཕྱོགས་ཀྱི་ཡ་གྱལ་རེ་ཡིན་པས་ན་དེ་ལྟར་བཏགས་པའི་ཕྱིར། ཚད་མ་མདོ་ལས། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེའི་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནས་བརྗོད། །ཅེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས། ཉེ་བའི་རིགས་པས་རྩོད་གཞི་ལས་གཞན་ལ་གོ་བ་སེལ་མི་ནུས་པ་དང༌། ཟློས་པས་རིགས་པས་རྩོད་གཞི་ལས་གཞན་ལ་གོ་བ་སེལ་མི་ནུས་པའོ། །དང་པོ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ནི། རྟགས་ཚུལ་དང་པོ་ལ་ཆོས་ཅན་གྱི་ཆོས་ཞེས་སྨྲོས་ན་སྐྱོན་མེད་དེ། ཆོས་ཞེས་བརྗོད་པའི་སྒྲས་ནི་གཞི་ཆོས་ཅན་དང་འབྲེལ་བ་གོ་བར་བྱེད་པས། ཆོས་ཞེས་བརྗོད་པ་ཙམ་གྱིས་ཀྱང་ཁྱད་གཞི་ཆོས་ཅན་ཞིག་ལ་བརྟེན་པར་གྲུབ་ལ། ཚུལ་དང་པོ་འཆད་པའི་སྐབས་འདིར་ཆོས་ཅན་གྱི་ཆོས་ཞེས་སྨྲོས་པ་ན་ཆོས་ཅན་ཞེས་པའི་ཚིག་ལྷག་པོ་སྨྲོས་པའི་ཤུགས་ཀྱིས་དེའི་ཚིག་ཟུར་གྱི་ཆོས་ཅན་གྱི་མིང་ནི། དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་དང་མི་མཐུན་དཔེ་ཆོས་ཅན་གཉིས་ལས་གཞན་རྩོད་གཞིའི་ཆོས་ཅན་ཁོ་ན་ལ་ཉེ་བའི་ཕྱིར། ཞེས་ཟེར་ན། དེའི་ལན་ནི། ཚུལ་དང་པོ་གཏན་ལ་དབབས་པའི་སྐབས་སུ་ཆོས་ཅན་གྱི་ཆོས་ཞེས་པའི་ཚིག་ཟུར་གྱི་ཆོས་ཅན་གྱི་མིང་རྩོད་གཞི་ཁོ་ན་ལ་ཉེ་བ་མི་འཐད་དེ། དེ་སྒྲུབ་ཀྱི་དཔེའི་ཆོས་ཅན་གཉིས་ཀྱང་དེའི་མིང་ཅན་དུ་ཉེ་བའི་ཕྱིར། ཁྱོད་ལྟར་ན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཆོས་ཅན་བུམ་པའི་ཆོས་མིག་ཤེས་ཀྱི་གཟུང་བྱ་ཡང་དེ་སྒྲུབ་ཀྱི་ཚུལ་དང་པོར་ཐལ་པས་སོ། །དེ་ལྟར་ཡང་འགྲེལ་བ་གཉིས་ལས། མ་ཡིན་ཏེ། དཔེ་ཆོས་ཅན་ལ་ཡང་ཉེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ཟློས་པའི་རིགས་པས་རྩོད་གཞི་ལས་གཞན་ལ་གོ་བ་སེལ་མི་ནུས་པ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ནི། དེ་ཆས་ཁྱབ་ཅེས་པ་དང༌། མདོར་དེ་མཚུངས་ལ་ཡོད་ཅེས་རྟགས་མཐུན་དཔེ་ཆོས་ཅན་ལ་ཡོད་པར་བརྗོད་པས་དེ་ལྟར་གྲུབ་ཟིན་པ་ལ། ཡང་ཆོས་ཅན་གྱི་ཆོས་ཞེས་རྟགས་མཐུན་དཔེ་ཆོས་ཅན་ལ་ཡོད་པར་བརྗོད་ན་ཟློས་པར་འགྱུར་ལ། དེ་ལྟར་ཟློས་པར་གོ་བའི་ཤུགས་ཀྱིས་ཀྱང༌། ཆོས་ཅན་གྱི་ཆོས་ཞེས་བརྗོད་པའི་ཚིགས་ཟུར་གྱི་ཆོས་ཅན་གྱི་མིང་གིས་དེ་སྒྲུབ་ཀྱི་རྩོད་གཞི་ཁོ་ན་ལ་གོ་བའི་ཕྱིར་ཞེས་པའི་རྩོད་ཚུལ་ནི། རྣམ་ངེས་ཊིཀ་ཆེན་ལས། དེ་མཚུངས་ལ་ཡོད་ཅེས་མཐུན་པའི་ཕྱོགས་ལ་རྟགས་ཡོད་པར་བརྗོད་པས་མཐུན་དཔེ་ཆོས་ཅན་ལ་ཡོད་པར་གྲུབ་ཟིན་པའི་ཕྱིར། ཡང་ཆོས་ཅན་གྱི་ཆོས་ཞེས་པས་མཐུན་དཔེ་ཆོས་ཅན་ལ་ཡོད་པར་བརྗོད་ན། ཟློས་པར་འགྱུར་པའི་ཕྱིར། ཟློས་པར་གོ་བའི་ཤུགས་ཀྱིས་ཆོས་ཅན་གྱི་ཆོས་ཞེས་ཆོས་ཅན་རང་མིང་གིས་བརྗོད་པས་བསྒྲུབ་བྱའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་ངོ་ཞེ་ན། ཞེས་གསུངས། དེའི་ལན་ལ་གཉིས། བཤད་དཀའ་བ་ཕྱོགས་ཀྱི་མིང་གིས་སྤངས་པ་དང༌། རྟོགས་དཀའ་བ་ཕྱོགས་ཀྱི་མིང་གིས་སྤངས་པའོ། །དང་པོ་ནི། ཚུལ་དང་པོ་འཆད་པའི་སྐབས་སུ་རྩོད་གཞི་ལ་ཕྱོགས་ཀྱི་མིང་གིས་བཏགས་ན་འཐད་ཀྱི། ཆོས་ཅན་གྱི་ཆོས་ཞེས་ཆོས་ཅན་རང་མིང་གིས་སྨྲོས་པ་མི་རིགས་ཏེ། ཆོས་ཅན་རང་མིང་གིས་སྨྲོས་པ་ལ་སྒྲ་འགལ་བ་དང༌། ཟློས་པ་ལ་སོགས་པས་ཆོས་ཅན་གཞན་ལ་ཡོད་པ་སེལ་ཚུལ་བཤད་པ་ལ་སོགས་པའི་འབད་པ་མང་པོ་ཞིག་དགོས་པ་དེ་ནི། ཚུལ་དང་པོའི་སྐབས་སུ་རྩོད་གཞི་ལ་ཕྱོགས་ཞེས་བརྗོད་པས་བདེ་བླག་ཏུ་སྤངས་པའི་ཕྱིར། གཞན་ཡང་དེ་སྒྲུབ་ཀྱི་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་རྟོགས་པས་རྟགས་མཐུན་དཔེ་ཐམས་ཅད་ལ་ཡོད་པར་རྟོགས་དགོས་ན། རྗེས་ཁྱབ་གྲུབ་ན་བསྒྲུབ་བྱ་ཡང་གྲུབ་དགོས་པར་ཐལ་ཞིང༌། ཟློས་ཏེ་གསུངས་ན་ཟློས་སྐྱོན་དུ་འགྱུར་བ་ཡང་མི་འཐད་དེ། གཞན་དུ་ན་སློབ་དཔོན་ཕྱོགས་གླང་གིས། རྗེས་དཔག་བྱ་དང་དེ་མཚུངས་ལ། ཡོད་དང་མེད་ལ་མེད་པར་ནི། ཞེས་ལྡོག་ཁྱབ་སྟོན་པའི་ཚིག་མེད་ལ་མེད་པར་ནི། ཞེས་པའང་ཟློས་སྐྱོན་ཅན་དུ་ཐལ་ཏེ། དེ་མཚུངས་ལ་ཡོད་ཅེས་རྗེས་ཁྱབ་སྟོན་པ་ན་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་བསྟན་པས། མི་མཐུན་ཕྱོགས་ལ་མེད་པར་རྒོལ་བ་དེས་གྲུབ་ཟིན་པའི་ཕྱིར། དེས་ན་བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་ཚིག་ཟུར་གྱི་ཕྱོགས་ལ་སྒྲ་དང་ཆོས་ལ་བྱས་པ་འཇོག་དགོས་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཞེས་པས་རྩོད་གཞི་སྒྲ་ལྟ་བུའི་ལྡན་ཆོས་བྱས་པ་རྟགས་སུ་སྟོན་པའི་ཕྱིར། རིགས་པའི་རྒྱ་མཚོ་ལས། རྟགས་རང་གི་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ནར་ངེས་པའི་ཕྱོགས་ཆོས་དང༌། ཕྱོགས་ཀྱི་མིང་ཅན་ཤེས་འདོད་ཆོས་ཅན་དེའི་ཆ་སྟེ། བསྒྲུབ་བྱའི་ཆོས་ཀྱིས་རྟགས་ལ་ཁྱབ་པ་ཡི་ཚུལ་གསུམ་ཚང་བ་ནི། གཏན་ཚིགས་ཡང་དག་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར། དེས་ན་སྐབས་འདིའི་རྣམ་འགྲེལ་ངེས་ཀྱི་ཕྱོགས་སྔ་མ་ནི། སློབ་དཔོན་དབང་ཕྱུག་སྡེ་སོགས་ཡིན་པར་གྲགས་ལ། དེ་དག་གིས་རྟགས་ཚུལ་དང་པོའི་མིང་ལ་ཕྱོགས་ཆོས་ཞེས་མི་ཟེར་བར་ཆོས་ཅན་གྱི་ཆོས་ཞེས་ཟེར་ཏེ། ཊིཀ་ཆེན་ལས། དེའི་ཕྱིར་ཆོས་ཅན་གྱི་ཆོས་ཞེས་སྨོས་རིགས་ཀྱི། ཕྱོགས་ཀྱི་ཆོས་ཞེས་སྨོས་པར་མི་རིགས་ཏེ། ཕྱོགས་ཀྱི་སྒྲ་ནི་ཤེས་འདོད་ཆོས་ཅན་དང༌། དེ་བསྒྲུབ་བྱའི་ཆོས་དང༌། དེ་གཉིས་ཀའི་ཚོགས་པ་སྟེ། གསུམ་ག་ལ་འཇུག་པས་ཕྱོགས་ཀྱི་ཆོས་ཞེས་སྨོས་པ་ན། ཚོགས་དོན་དང་བསྒྲུབ་བྱའི་ཆོས་ཀྱི་ཆོས་སུ་གྱུར་པ་དག །རྟགས་ཀྱི་ཚུལ་དང་པོ་ཡིན་པར་དོགས་པ་མི་ཁེགས་པའི་ཕྱིར་རོ། །ཞེ་ན། ཞེས་གསུངས་པའི་ཕྱིར། རྒྱ་གར་གྱི་པཎྜི་ཏ་ཁ་ཅིག་གིས། རྟགས་ཚུལ་དང་པོའི་མིང་ལ་ཕྱོགས་ཆོས་ཞེས་བཏགས་ན། ཕྱོགས་ཆོས་རྟོགས་པའི་ཚེ་ཕྱོགས་རྟོགས་དགོས་པས་མི་འཐད་ལ། ཆོས་ཅན་གྱི་ཆོས་ཞེས་བཏགས་ན་ཡང་ཇི་སྐད་བཤད་པ་ལྟར་གྱི་སྐྱོན་འཇུག་པས། རྟགས་ཚུལ་དང་པོའི་མིང་ལ་ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་བཏགས་ན་ཉེས་པ་མེད་དོ་ཞེས་ཟེར་རོ། །དེ་ལྟར་ཡང་ཤཱཀྱའི་འགྲེལ་བཤད་ལས། གལ་ཏེ་ཕ་རོལ་བོ་ཉེ་བར་བཏགས་པར་ཡང་མི་བྱ་ལ། ཆོས་ཅན་གྱི་ཆོས་ཞེས་སྨྲོས་པར་ཡང་མི་བྱའོ། །འོ་ན་ཅི་ཞེ་ན། ཤེས་པར་འདོད་པའི་ཆོས་ཅན་གྱི་ཆོས་ཞེས་བརྗོད་པར་བྱའོ། །ཞེས་སྨྲ་བར་གྱུར་ན། ཞེས་དང༌། དེ་ལྟ་བས་ན་ཕྱོགས་གཞན་ལ་འཚལ་ན་གཞུང་མང་བ་དང༌། ཚིག་ལེའུར་བྱས་པ་ཉམས་པར་འགྱུར་བ་ཡོངས་སུ་སྤངས་པའི་ཕྱིར་ཡང་མ་བཤད་པ་བསྡུ་བར་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །ཕྱོགས་ཆོས་དེ་ཆོས་ཞེས་པའི་སྐབས་སུ་རྣམ་དབྱེ་དྲུག་པའི་ཀྱི་སྒྲ་བསྡུས་ནས་གསུངས་ལ། ཚིག་སྡུད་འདི་དཔེར་ན། ཤར་ལྷོ་ཞེས་པས་ཤར་དང་ལྷོ་གཙོ་བོར་མི་སྟོན་པར་ཤར་ལྷོའི་མཚམས་གཙོ་བོར་སྟོན་པ་ལྟ་བུའི་འབྲུ་མང་གི་སྡུད་པ་མིན་ལ། ལྷ་དང་མི་ཞེས་པ་ལ་ལྷ་མི་ཞེས་དང་སྒྲ་སྡུད་པ་ལྟ་བུའི་ཟླས་དབྱེའི་སྡུད་པའང་མིན་ཞིང༌། ཕྱོགས་དང་ཆོས་ཀྱི་གཞི་མཐུན་སྡུད་བ་མ་ཡིན་པས། ལས་འཛིན་གྱི་ཚིག་སྡུད་པའང་མིན་ཏེ། འཐད་ལྡན་ལས། འབྲུ་མང་པོ་ཡང་མ་ཡིན་ཏེ། ཞེས་དང༌། ཤཱཀྱ་བློས། ཕྱོགས་དང་ཆོས་ཞེས་བྱ་བར་ཟླས་དབྱེ་ཡང་མ་ཡིན་ཏེ། ཞེས་དང༌། ག་ལ་བར། གཞི་མཐུན་པ་ཡིན་ཚིག་དག་ནི། །ལས་འཛིན་བྱེད་པར་རྣམ་ཤེས་བྱ། །ཞེས་གསུངས་པའི་ཕྱིར། དེས་ན། སུམ་ཅུ་བ་ལས། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང༌། །དེ་ནི་དེ་བཞིན་སྦྱར་བར་བྱ། །ཞེས་གསུངས་པ་ལྟར། ཕྱོགས་ཆོས་ཞེས་པ་མི་ལྡན་རྣམ་གཅོད་ཀྱི་ཆེད་དུ་ཚིག་སྡུད་གསུམ་པ་སྐྱེས་བུའི་བསྡུ་པའི་ནང་ཚན་དྲུག་པའི་བསྡུ་བ་ཡིན་ཏེ། ཕྱོགས་ཀྱི་ཆོས་ཞེས་པ་ལ་ཕྱོགས་ཆོས་ཞེས་དྲུག་སྒྲ་བསྡུས་ནས་བཤད་པ་ཙམ་ཡིན་པའི་ཕྱིར། ཕྱོགས་སྒྲས་སྐབས་འདིར་སྔོན་གྱི་མཁས་པ་གཙང་ནག་བརྩོན་འགྲུས་སེང་གེ །དན་འཔག་སྨྲ་བའི་སེང་གེ །མྱང་བྲན་ཆོས་ཀྱི་སེང་གེ །གྲུ་ཆ་བསོད་ནམས་སེང་གེ། རྨ་བྱ་མྱོང་བའི་སེང་གེ །རྩེག་དབང་ཕྱུག་སེང་གེ །ལྡན་མ་དཀོན་མཆོག་སེང་གེ །གཉལ་བ་ཡོན་ཏན་སེང་གེ་སྟེ་རིགས་པའི་སེང་ཆེན་བརྒྱད་དུ་གྲགས་པ་ལས་འགའ་ཞིག་གི་གསུང་ཚུལ། མི་འདྲ་བར་ཡོད་ཀྱང་འདིར་ཡི་གེ་མང་བར་འགྱུར་བས་མ་བྲིས།

         སློབ་དཔོན་ཕྱོགས་གླང་གི་དངོས་སློབ་དབང་ཕྱུག་སྡེ་ན་རེ། རྟགས་སྦྱོར་ཡང་དག་གི་ལྡོག་ཁྱབ་གྲུབ་པ་ལ་སྐབས་གྱི་རྒོལ་བས་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ཆོག་གི་རྟགས་དེ་སྦྱོར་བ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་དགོས་ན། མི་མཐུན་ཕྱོགས་མཐའ་དག་ངེས་དགོས་པས་ཧ་ཅང་ཐལ་ཆེའོ། །དེས་ན་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པ་ནི་སློབ་དཔོན་ཕྱོགས་གླང་གི་བཞེད་པའོ། །ཞེས་ཟེར་རོ། །སློབ་དཔོན་ཆོས་ཀྱི་གྲགས་པས། སློབ་དཔོན་ཕྱོགས་གླང་གིས་དེ་ལྟར་མི་བཞེད་དེ། དེས་ཚུལ་གསུམ་གྱི་མཚན་ཉིད་སྟོན་པ་ན། གཏན་ཚིགས་ཀྱི་ཚུལ་གསུམ་པོ་རེ་རེ་ལའང་ངེས་པ་ཞེས་བརྗོད་པར་མཛད་པའི་ཕྱིར། སློབ་དཔོན་དེ་ཡིས་ཚུལ་གསུམ་གྱི་མཚན་ཉིད་ཀྱི་ཟུར་དུ་ངེས་པ་ཞེས་བརྗོད་པ་ལ་དགོས་པ་ཡོད་དེ། བྱས་པ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པ་དང༌། འགལ་རྟགས་དང༌། འཁྲུལ་བ་ཅན་མ་ངེས་པར་དོགས་པའི་གཉེན་པོར་ངེས་པ་ཞེས་བརྗོད་པའི་ཕྱིར། རྣམ་བཤད་ལས། ཚད་མ་ཀུན་བཏུས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། ངེས་པ་ཞེས་གསུངས་པ་ནི། ཚུལ་གསུམ་གྱི་མཚན་ཉིད་སྟོན་པ་ཡིན་ལ། ཞེས་དང༌། ཊིཀ་ཆེན་ལས། འདིར་དེ་དག་དངོས་སུ་མི་འཆད་པར་ཀུན་ལས་བཏུས་སུ་དེ་དག་གི་མཚན་ཉིད་ཀྱི་ཟུར་དུ་ངེས་པ་བརྗོད་པའི་དགོས་པ་ངེས་བཟུང་བ་ཙམ་ཞིག་མཛད། ཅེས་དང༌། རིགས་སྒོ་ལས། ཚུལ་གསུམ་དེ་གང་ཞེ་ན། ཕྱོགས་ཀྱི་ཆོས་ཉིད་དང༌། མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང༌། མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་གསུངས་ལ། འདི་ཉིད་ལས། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་བཟློག་དོན་དང༌། །འཁྲུལ་བ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །ཞེས་གསུངས་སོ།།

ལུང་འགལ་དྲུག་སོགས་བཤད་པ།

དེ་ལྟར་ན་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་པ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པའི་སློབ་དཔོན་དབང་ཕྱུག་སྡེ་སོགས་ལ་ལུང་དྲུག་དང་འགལ་བའི་གནོད་པ་བསྟན་པ་དང༌། དེ་ལྟར་འདོད་པའི་རང་གཞན་སྡེ་བ་གཉིས་ལ་མཐོང་བ་མངོན་སུམ་དང་འགལ་བར་བསྟན་པ་དང༌། གཞན་སྡེ་གཙོ་བོ་གསུམ་ལ་ཁས་བླང་ནང་འགལ་གྱིས་གནོད་པ་བསྟན་པའོ། །དང་པོ་ལུང་དྲུག་དང་འགལ་བ་ལ་དྲུག་ལས། དང་པོ་ནི། རིགས་སྐོ་ལས། རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ཡང་རིགས་སོ། །ཞེས་འགལ་བ་དང་མ་ངེས་པའི་གཉེན་པོར་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་སོགས་བརྗོད་དགོས་པར་གསུངས་པ་མི་འཐད་པར་ཐལ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར། ཞེས་འཆད་པ་ལ། འཁྲུལ་བ་ཅན་གྱི་གཉེན་པོར་ནི། །མི་མཐུན་ཆོས་བརྗོད་གང་ཡིན་པ། །ཞེས་གསུངས། ཊིཀ་ཆེན་ལས། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན། འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་ཞེས་པའི་ཆོས་མི་མཐུན་སྦྱོར་གྱི་ངག་དེ་ཉིད་བརྗོད་པ་དེའི་ཚེ། བྱས་པ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་ཞེས་བྱ་བར་རྟོགས་པར་བྱེད་ནུས་ཏེ། ནས། བྱས་མི་རྟག་མེད་ན་མི་འབྱུང་བའི་འབྲེལ་བ་དེ་བརྗོད་པས་ནའོ། །ཞེས་སོ། །གཉིས་པ་ནི། གལ་ཏེ་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འགྱུར་ན། ཤིང་ཕུང་གཅིག་ལས་སྐྱེ་བའི་ཤིང་ཐོག་ལྷག་མ་རྣམས་ཆོས་ཅན། རོ་མངར་ཁྱད་པར་ཅན་དང་ལྡན་ཏེ། ཟོས་པའི་དེ་དང་ཁ་དོག་མཚུངས་པའི་ཕྱིར། ཞེས་པའི་རྟགས་འདི་ཅི་སྟེ་ལྷག་ལྡན་འཁྲུལ་བ་ཅན་མ་ཡིན་པར་ཐལ། ཕྱི་རྒོལ་དེས་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཡིན་པའི་ཕྱིར། འདོད་ན། རིགས་པ་ཅན་གྱི་ལྷག་ལྡན་འགོག་པའི་སྐབས་སུ། ཀུན་བཏུས་རང་འགྲེལ་ལས། གཟུགས་ལ་སོགས་པ་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པར་འགྱུར་བ་དེ་ནི་རིགས་པ་མ་ཡིན་ནོ།། ཞེས་གསུངས་པ་དང་འགལ་ལོ། །ཞེས་སྟོན་པར། གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །ཞེས་གསུངས། ཊཱིཀ་ཆེན་ལས། ཁྱབ་པ་ལ་ཐེ་ཚོམ་ཀྱི་ལྷག་མ་ལུས་པས་ལྷག་མ་དང་ལྡན་པ་ཞེས་བྱའོ། །ཞེས་སོ། །གསུམ་པ་ནི། གསོན་ལུས་ཆོས་ཅན། གང་ཟག་གི་བདག་དང་བཅས་པ་ཡིན་ཏེ། སྲོག་དང་ལྡན་པའི་ཕྱིར། ཞེས་ཕྱི་རོལ་པས་ལྡོག་ཁྱབ་འབའ་ཞིག་པ་ཅན་གྱི་རྟགས་ཡང་དག་ཏུ་འདོད་པ་འདི་ཡང་གཏན་ཚིགས་ཡང་དག་ཏུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་ཀྱང་གྲུབ་པར་འདོད་པའི་ཕྱིར། འདོད་ན། རང་འགྲེལ་ལས། ལྷག་མ་ལྔ་པོ་དག་ནི་གཏན་ཚིགས་སམ་འགལ་བ་ཉིད་དུ་མ་ངེས་ཏེ། ཐེ་ཚོམ་གྱི་རྒྱུའོ། །ཞེས་གསུངས་པ་དང་འགལ་ལོ་ཞེས་སྟོན་པར། ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། །ཞེས་གསུངས། བཞི་བ་ནི། གཞན་དོན་སྐབས་ཀྱི་ཕྱི་རྒོལ་གྱིས་ཐེ་ཚོམ་ཟ་བའི་རྟགས་ནི། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཡིན་པར་ཐལ། ཕྱི་རྒོལ་གྱིས་རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར། འདོད་ན། རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ༌། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ལ་སོགས་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ།། ཞེས་ཕྱོགས་ཆོས་ལ་ཐེ་ཚོམ་ཟ་ནས་ཕྱོགས་ཆོས་མ་གྲུབ་པ་དང༌། ལྡོག་ཁྱབ་ལ་ཐེ་ཚོམ་ཟ་ནས་ལྡོག་ཁྱབ་མ་གྲུབ་པ་གཉིས་དཔེ་དོན་སྦྱོར་བ་འདི་བརྗོད་པར་བྱ་བ་ཡང་དག་པ་མིན་པར་འགྱུར་རོ་ཞེས་སྟོན་པ་ལ། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་གསུངས། ཅི་རིགས་པའི་དོན་ནི། གཞན་དོན་སྐབས་ཀྱི་སྒྲུབ་རྟགས་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པ་དང༌། གང་རུང་ལ་མ་གྲུབ་པ་དང༌། ཐེ་ཚོམ་ཟ་བ་དང༌། ཆོས་ཅན་གཞི་མ་གྲུབ་པ་བཞི་དཔེ་དང༌། ལྡོག་ཁྱབ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པ་དང༌། གང་རུང་ལ་མ་གྲུབ་པ་དང༌། ཐེ་ཚོམ་ཟ་བ་དང༌། མི་མཐུན་དཔེ་གཞི་མ་གྲུབ་པ་བཞི་དོན་ཡིན་ལ། དེ་ཡང་དང་པོ་གསུམ་དཔེ་དོན་སྦྱོར་ཡང་ཐ་མ་དཔེ་དོན་མི་སྦྱོར་ཏེ། གཞན་དོན་སྐབས་ཀྱི་སྒྲུབ་རྟགས་ཕལ་ཆེར་གྱི་ཆོས་ཅན་གཞི་མ་གྲུབ་ན་ཕྱོགས་ཆོས་མི་འགྲུབ་ལ། མི་མཐུན་དཔེ་གཞི་མ་གྲུབ་པས་ལྡོག་ཁྱབ་གྲུབ་པ་ལ་མི་གནོད་པའི་ཕྱིར་ཞེས་པའོ། །སློབ་དཔོན་ཆོས་མཆོག་དང་བྲམ་ཟེ་ཆེན་པོས། ཕྱོགས་ཆོས་ཅན་དགུ་ལ་སྒྲེ་བར་བྱའོ། །ཞེས་བ་ལྟར་ན་དེ་དགུའི་ནང་གི་འགལ་རྟགས་གཉིས་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། ཡང་དག་གཉིས་ཏེ་དོན་བཞི་ལ་རིམ་པ་བཞི་ཅི་རིགས་པར་སྦྱར་རོ། །ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་ནི། སྒྲ་དང་སྒྲ་དང་དུང་སྒྲ་དང༌། །སྒྲ་དང་སྒྲ་དང་དུང་སྒྲ་དང༌། །དུང་སྒྲ་དུང་སྒྲ་སྒྲ་དང་བཅས། །དགུ་བོ་ཤེས་འདོད་ཆོས་ཡིན་ཏེ། །རྟག་དང་མི་རྟག་རྩོལ་བྱུང་དང༌། །བར་དུ་རྟག་པ་རྣམ་གསུམ་དང༌།། རྩོལ་བྱུང་མིན་དང་མི་རྟག་རྟག །དགུ་པོ་བསྒྲུབ་བྱའི་ཆོས་ཡིན་ནོ། །གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་ལས་བྱུང༌། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དགུ་བོ་རྟགས་སུ་བཀོད་པའོ། །སྟེང་འོག་གཉིས་ལ་ཡང་དག་དང༌། །ལོགས་གཉིས་འགལ་བའི་གཏན་ཚིགས་སོ། །ཟུར་བཞི་དངོས་ཀྱི་མ་ངེས་པ། །དབུས་ན་ཐུན་མོང་མིན་མ་ངེས། ཞེས་པ་ལྟར་རོ། །སློབ་དཔོན་ཕྱོགས་གླང་གིས། གཙོ་བོ་ལ་སོགས་པ་ནི། ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར། ཞེས་གསུངས་པ་ལ། གཞན་དག་ན་རེ། ཁྱེད་ཅག་གིས་མ་དམིགས་པའི་རྟགས་ལ་ཡོད་ངེས་འགོག་པ་དང༌། མེད་ངེས་སྒྲུབ་པ་གཉིས་སུ་གྲངས་ངེས་པར་བྱས་པ་མི་འཐད་དེ། སློབ་དཔོན་ཕྱོགས་གླང་གིས་བཀོད་པའི་རྟགས་འདི། དེ་གཉིས་གང་དུའང་མ་འདུས་པའི་ཕྱིར་དང༌། གཙོ་བོ་མེད་ན་གཙོ་བོ་ཆོས་ཅན་ཞེས་སྒྲ་སྦྱོར་བ་མི་རིགས་པའི་ཕྱིར། ཞེས་བརྩོད་པའི་ལན་དུ་རྣམ་འགྲེལ་ལས། །ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབས་པ། །ཡོད་མེད་གཉིས་ཀ་ལ་བརྟེན་པ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། ཞེས་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པ་ལ་སྣང་བ་ནི་སྒྲ་དོན་ཡིན་པས། ཡོད་པ་དང་མེད་པ་དང་ཡོད་མེད་གཉིས་ཀ་ལ་བརྟེན་པའི་སྒྲ་དོན་གྱི་ཆོས་ནི་རྣམ་པ་གསུམ་ཡོད་དོ། །དེའི་ཕྱིར་གཙོ་བོ་འཛིན་པའི་རྟོག་པ་ལ་གཙོ་བོར་སྣང་བ་ཡང་སྒྲ་དོན་ཡིན་པས། གཙོ་བོ་མེད་ཀྱང་གཙོ་བོ་ཆོས་ཅན་དུ་འཛིན་པ་ནི་འཐད་པ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་སྦྱོར་བ་འདིའི་ཆོས་ཅན་ལ་གཙོ་བོ་ཉིད་འཇོག་པ་ནི་མངོན་སུམ་གྱིས་གྲུབ་པས། སློབ་དཔོན་ཆོས་ཀྱི་གྲགས་པས། རྟོག་པ་ལ་གཙོ་བོར་སྣང་བ་སྦྱོར་བ་འདིའི་ཆོས་ཅན་དུ་ངོས་བཟུང་བའང་མིན་ལ། གཙོ་བོ་དང་གཙོ་བོ་འཛིན་པའི་རྟོག་པ་ལ་གཙོ་བོར་སྣང་བ་ཆོས་ཅན་དུ་བཟུང་བའི་སྦྱོར་བ་སོ་སོ་བ་གཉིས་སློབ་དཔོན་ཕྱོགས་གླང་གིས་བཀོད་པ་ཡང་མ་ཡིན་ནོ། །འོ་ན་ཊཱིཀ་ཆེན་ལས། དེས་ན་གཙོ་བོ་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར། ཞེས་པའི་རྟགས་ཀྱི་ཤེས་འདོད་ཆོས་ཅན་ནི། གཙོ་བོ་དངོས་པོ་པ་ཡང་མ་ཡིན་ལ། གཙོ་བོའི་སྒྲ་དོན་གྱི་རང་ལྡོག་ཡང་མ་ཡིན་གྱི། འོ་ན་གང་ཞེ་ན། རྟོག་པ་ལ་གཙོ་བོར་སྣང་བ་དེ་ཉིད། གྲངས་ཅན་པ་དག་གཙོ་བོ་ཁྱད་པར་ལྔ་ལྡན་དུ་འདོད་ལ། རང་ལུགས་ལ་སྒྲ་དོན་དུ་འདོད་པས། ཁྱད་པར་ལྔ་ལྡན་གྱི་གཙོ་བོ་ཡིན་མིན་རྩོད་པའི་གཞི་ཡིན་པའི་ཕྱིར། རྟོག་པ་ལ་གཙོ་བོར་སྣང་བ་ཆོས་ཅན་དུ་བཟུང་བ་ཡིན་ནོ། །ཞེས་དང༌། དབུ་མ་རྒྱན་ཟིན་བྲིས་ལས། གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྩོད་གཞིར་བཟུང་བ་ལ་ཡང་རྟོག་པ་ལ་གཙོ་བོ་དང་དབང་ཕྱུག་མ་ཡིན་པ་ལས་ལོག་པར་སྣང་བ་ནི་ཡོད་ལ། ནས། དེ་ཉིད་བསྒྲུབ་བྱའི་ཆོས་གང་གི་ཆོས་སུ་འཇོག་པའི་ཆོས་ཅན་དང༌། ཕྱོགས་ཀྱི་ཆོས་གང་གི་ཆོས་སུ་བཞག་པའི་ཕྱོགས་སུ་བཏགས་པ་ཉིད་ཡིན་པས་ཆོས་ཅན་འབའ་ཞིག་པ་བཀག་པས་ཀྱང་ཕྱོགས་ཆོས་མི་འགྲུབ་པའི་སྐྱོན་མེད་དོ། །ཞེས་གསུངས་པ་ཅི་ཡིན་ཞེ་ན། དེ་དག་ནི་ཕྱི་རྒོལ་གྱི་ཤེས་འདོད་ལ་ལྟོས་ནས་དེའི་བསམ་ངོར་དེ་གཉིས་གཅིག་ཏུ་སྣང་བའི་དབང་དུ་བྱས་པ་སྟེ། རྣམ་བཤད་ལས། ཕྱི་རྒོལ་གྱི་ཤེས་འདོད་ལ་བལྟོས་ནས་གཙོ་བོ་དང་དེ་སྣང་བ་གཉིས་གང་བཞག་ཀྱང་འདྲ་པར་སྣང་ལ། རང་ལུགས་ལ་ཚད་མས་གྲུབ་མ་གྲུབ་ཁྱད་པར་ཤིན་ཏུ་ཆེའོ།། ཞེས་དང༌། སློབ་དཔོན་ཕྱོགས་གླང་གི་སྦྱོར་བ་འདིའི་དངོས་ཟིན་ལྟར་ན། གཙོ་བོ་རང་མཚན་དེ་ཉིད་ཆོས་ཅན་དུ་བཟུང་ནས་དེ་ཡོད་པ་ལ་དགག་པ་བྱེད་པ་ལྟར་མངོན་ལ། ནས། འདི་དག་གི་དགོངས་པ་མཁས་པའི་དབང་པོ་ཀ་མ་ལ་ཤི་ལས། གཙོ་བོ་ཉིད་ཆོས་ཅན་དུ་བཟུང་ནས་དགག་དགོས་ཀྱི། དེ་མིན་ན། དེ་རྣམ་འགྱུར་སྣ་ཚོགས་ཀྱི་ཉེར་ལེན་ཡིན་པ་ཁེགས་ཀྱང་གཙོ་བོ་རང་ལྡོག་ནས་མི་ཁེགས་པར་འགྱུར། ཞེས་གསུངས་པའི་ཕྱིར། སྦྱོར་བ་དེའི་རྟགས་ཆོས་ངོས་འཛིན་པའི་སྐབས་སུ་ཡང༌། དེ་དངོས་ཉེར་ལེན་མེད་པ་ཅན། །སྒྲུབ་ལ་དེ་མི་དམིགས་པ་ནི། །དེ་ལྟར་གཏན་ཚིགས་དེ་ཉིད་ནི། མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། །ཞེས་གཙོ་བོ་མེད་ཀྱང་གཙོ་བོའི་སྒྲ་དོན་ཡོད་པས། གཙོ་བོ་ཆོས་ཅན་ཞེས་པའི་སྒྲ་སྦྱོར་རུང་བར་གསུངས་ལ། གཞན་ཡང་འདི་ཉིད་ལས། སྒྲ་དོན་བསྙོན་པ་མེད་རྣམས་ཀྱིས། །ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས། །དངོས་པོ་ཉིད་ནི་དཔྱད་བྱ་སྟེ། །འདི་ལས་འབྲས་འབྱུང་རག་ལས་ཕྱིར། །ཞེས་ཡོད་མེད་དཔྱོད་པའི་གཞི་ནི། གཙོ་བོ་དངོས་པོ་བ་ཉིད་ལ་བྱ་དགོས་པར་རྒྱུ་མཚན་དང་བཅས་གསུངས་པ་དང༌། ཡང༌། དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བརྟགས་པས་ཅི་ཞིག་བྱ། །མ་ནིང་གཟུགས་བཟང་མི་བཟང་ཞེས།། འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །ཞེས་རྟོག་པ་ལ་གཙོ་བོར་སྣང་བ་ཆོས་ཅན་དུ་བཟུང་པས་དགོས་པ་མི་འགྲུབ་པ་དཔེ་གཉིས་ཀྱི་སྒོ་ནས་གསུངས་པའི་ཕྱིར། དེས་ན་གཙོ་བོ་སོགས་གཞི་མ་གྲུབ་པ་ཆོས་ཅན་དུ་བཟུང་བའི་རྟགས་སྦྱོར་མང་པོ་ཡོད་ཀྱང༌། དེ་དག་གི་རྩོད་གཞི་ཆོས་ཅན་ནི། ཆོས་ཅན་འབའ་ཞིག་པ་ཁོ་ན་ཡིན་པས། སྦྱོར་བ་གཅིག་ལ་རང་རྟེན་ཆོས་ཅན་དང་ཆོས་འབའ་ཞིག་པ་གཉིས་སོ་སོར་འཇོག་པ་མ་ཡིན་ཏེ། ལེའུ་བཞི་བ་ལས། ཀུན་ཏུ་རྒོལ་བ་དག་ཉིད་ཀྱི། །བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན། །ཆོས་དེ་ལྡན་ལ་གནོད་འགྱུར་གྱི། །ཆོས་གཞན་གྱི་ནི་ཆོས་ཅན་མིན། །ཞེས་རྩོད་པའི་དུས་ཀུན་ཏུ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་བྱར་འདོད་པའི་བསྒྲུབ་བྱའི་ཆོས་གང་ཡིན་པའི་ཆོས་དེ་དང་ལྡན་པའི་རང་གི་རྟེན་གཞི་ཆོས་ཅན་ལ་གནོད་ན། སྒྲུབ་བྱ་ལ་གནོད་པར་འགྱུར་གྱི། ཆོས་ཅན་འབའ་ཞིག་པ་ལ་གནོད་པས་བསྒྲུབ་བྱ་ལ་གནོད་པ་མིན་པར་གསུངས་ཤིང༌། དབུ་མ་རྒྱན་ཟིན་བྲིས་ལས། ཆོས་ཅན་འབའ་ཞིག་པ་ཞེས་པ་ནི། ཆོས་ཅན་དུ་སྨྲས་ཀྱང་སྐབས་དེའི་བསྒྲུབ་བྱའི་ཆོས་ཀྱི་རྟེན་མིན་པས་ཆོས་ཅན་ཡན་གར་བར་སོང་བའི་དོན་ཏོ། །ཞེས་དང༌། ཊཱིཀ་ཆེན་ལས། བདག་རྟག་པ་ཆོས་ཅན། དངོས་པར་མེད་དེ། དོན་བྱེད་པས་སྟོང་པའི་ཕྱིར། ཞེས་པ་ལྟ་བུ་ལ་མཚོན་ན། །ནས། བདག་རྟག་པ་གཞི་མ་གྲུབ་པའི་རྒྱུ་མཚན་གྱིས། བདག་རྟག་པ་དངོས་པོར་མེད་པ་སྒྲུབ་པ་ལ་ཆེས་ཤིན་ཏུ་ཕན་པས་སོ། །ཞེས་དང༌། ད་ལྟར་འདོད་པའི་བསྒྲུབ་བྱ་ལ། །གནོད་པ་འགའ་ཡང་མེད་པ་ཉིད། །འདིས་ནི་གཉིས་ཀ་བསྒྲུབ་བྱ་ཉིད། །ཡིན་ན་ཆོས་ཅན་ལ་གནོད་གང༌། །བསྒྲུབ་པར་བྱ་བའི་ཆོས་འགོག་པས། །དེ་ལ་གནོད་ཅེས་བསྟན་པ་ཡིན།། ཞེས་དང༌། འདིའི་འགྲེལ་བ་རྣམ་བཤད་ལས། དེ་ལྟར་དངོས་པོར་གྱུར་པའི་ནམ་མཁའ་བཀག་པས། དངོས་པོར་གྱུར་བའི་ནམ་མཁའ་རྟག་རྫས་ཀྱིས་སྟོང་བ་བསྒྲུབ་བྱར་འདོད་པའི་བསྒྲུབ་བྱ་ལ་གནོད་པ་འགའ་ཡང་མེད་པ་ཉིད་ཡིན་པར་ཐལ། དངོས་པོར་གྱུར་བའི་ནམ་མཁའ་བཀག་པ་དང༌། དེ་རྟག་རྫས་ཀྱིས་སྟོང་བར་བསྒྲུབ་པ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར། རང་རྟེན་ལ་ཞེས་སྨྲོས་པ་འདིས་ནི་ཆོས་ཅན། ཆོས་དང་ཆོས་ཅན་གཉིས་ཀ་བསྒྲུབ་བྱའི་ཡན་ལག་ཉིད་ཡིན་ན་སྐབས་ཀྱི་ཆོས་ཅན་ལ་གནོད་པ་གང་ཡིན་པ་དེས་སྐབས་ཀྱི་བསྒྲུབ་བྱ་དེ་ལ་གནོད་ཅེས་བསྟན་པ་ཡིན་ཏེ། གཉིས་ཀ་བསྒྲུབ་བྱའི་ཡན་ལག་ཡིན་ན་ཆོས་ཅན་ལ་གནོད་ན། དེ་ལ་བརྟེན་པའི་བསྒྲུབ་པར་བྱ་བའི་ཆོས་འགོག་པར་བསྟན་པའི་ཕྱིར། ཞེས་དང༌། དངོས་པོར་གྱུར་བའི་ནམ་མཁའ་ཆོས་ཅན། རྟག་པའི་རྫས་མ་ཡིན་ཏེ། ཡོན་ཏན་དོན་གཞན་གྱི་རྟེན་མི་བྱེད་པའི་ཕྱིར། ཅེས་བཀོད་པ་ནི། དངོས་གྱུར་གྱི་ནམ་མཁའ་ནི་བསྒྲུབ་བྱའི་ཆོས་ཀྱི་རྟེན་གཞི་མ་ཡིན་པས། འབའ་ཞིག་པ་ཞེས་བྱ་ལ། ཞེས་གསུངས་པའི་ཕྱིར། དེས་ན་རྩོད་གཞི་ཆོས་ཅན་ལ་དོན་སྟེང་ནས་ཁྱད་གཞི་ཁྱད་ཆོས་སུ་འབྲེལ་བ་ཡོད་པའི་རང་རྟེན་ཆོས་ཅན་དང༌། དེ་ལྟར་འབྲེལ་བ་མེད་པའི་ཆོས་ཅན་འབའ་ཞིག་པ་གཉིས་ཡོད་ཅེས་སྟོན་པ་ལ་ཚད་མ་མདོ་ལས། མངོན་སུམ་དོན་དང་རྗེས་དཔག་དང༌། ཡིད་ཆེས་གྲགས་པས་རང་རྟེན་ལའོ། །ཞེས་གསུངས་སོ། །འོན་ཀྱང་གོང་དུ་དྲང་བའི་ཊིཀ་ཆེན་དང༌། དབུ་མ་རྒྱན་ཟིན་བྲིས་ཀྱི་ཚིག་ཟིན་ལྟར། རང་རྟེན་ཆོས་ཅན་ལ་སྒྲ་དོན་འཇོག་པའི་བཤད་པའི་རྣམ་གྲངས་གཞན་ཡང་ཡོད་དོ། །ལུང་འགལ་ལྔ་ནི། ཁྱད་པར་མཉན་བྱ་ཆོས་ཅན། སྒྲའི་སྟེང་དུ་རྟག་པ་དང་མི་རྟག་པ་གཉིས་ཀ་རྣམ་པར་གཅོད་པ་སྟེ་སྒྲུབ་པ་ཡི་གཏན་ཚིགས་ཡང་དག་ཏུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །རྟག་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཡིན་པའི་ཕྱིར། འདོད་ན། རང་འགྲེལ་ལས། ཁྱད་པར་ནི་རྣམ་པར་གཅོད་པའི་གཏན་ཚིགས་ནི་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེས་སྟོན་པར། ཁྱད་པར་རྣམ་པར་གཅོད་པ་ཡི། གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། ཞེས་གསུངས། སྐབས་འདིར་རྣམ་བཤད་ལས། གལ་ཏེ་རྨོང་བ་ལ་འབྲེལ་བ་སྟོན་པ་དཔེ་ལ་ལྟོས་པ་ཡིན་གྱི་མཁས་པས་ནི་དཔེ་མེད་པར་ཡང་སྔར་ཁྱབ་པ་མངོན་སུམ་གྱིས་གྲུབ་ནས་རྟགས་མཐོང་མ་ཐག་འབྲེལ་བ་དྲན་ནས་དེའི་རྗེས་སུ་སྒྲ་ལ་མི་རྟག་པ་གོ་པས་དཔེ་ལ་ལྟོས་པའི་ཕྱིའི་ཁྱབ་པ་མ་ངེས་ཀྱང༌། ནང་གི་ཁྱབ་པ་ངེས་པ་ཡོད་པས་མཉན་བྱ་རྟགས་ཡང་དག་ཏུ་འགྱུར་རོ་ཞེ་ན། མི་རིགས་ཏེ། མཉན་བྱ་མི་རྟག་པར་ངེས་ན་སྒྲ་ཡང་མི་རྟག་པར་ངེས་དགོས་པའི་ཕྱིར་རོ། །འོ་ན། མཉན་བྱ་སྒྲའི་མཚན་ཉིད་མ་ཡིན་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། སྤྱིར་དེ་གཉིས་ལ་ངེས་དཀའ་སླ་ཡོད་ཀྱང༌། ཆོས་ཅན་སྒྲ་ཚད་མས་གཏན་ལ་མ་ཕེབས་པར་མཉན་བྱ་དེ་ལ་འགོད་ཚུལ་ལྟར་གྲུབ་པའི་ཕྱོགས་ཆོས་གྲུབ་པ་མི་སྲིད་པས། ཕྱོགས་ཆོས་སུ་མ་སོང་ན་རྟགས་ཡང་དག་མི་སྲིད་ལ། ཕྱོགས་ཆོས་སུ་སོང་བའི་ཚེ་མཉན་བྱ་ངེས་ནས་སྒྲ་མ་ངེས་པ་མི་སྲིད་ལ། དེའི་རྗེས་སུ་བསྒྲུབ་བྱ་གོ་བར་བྱེད་ན་ཡང་མཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་ནས་སྒྲ་ལ་མི་རྟག་པའི་ཁྱབ་བ་མ་ངེས་པ་མི་སྲིད་པའི་ཕྱིར་རོ། །ཞེས་དང༌། དེས་ན་དོགས་པ་འདི་ལྟར་བསུས་ནས་ལན་འདི་བཞིན་དུ་བྱས་ཏེ། མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་མ་ཤེས་པའི་སྔར་མཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་ནུས་སམ་མི་ནུས། མི་ནུས་ན་ཁང་བའི་ཐུན་མོང་མ་ཡིན་པའི་མིང་མི་ཤེས་ཀྱང་ཁང་བ་འཇིག་པ་མངོན་སུམ་དུ་གྲུབ་པ་དང་འགལ་ལོ། །ངེས་ནུས་ན། ཁྱབ་པ་སྔར་ངེས་ཟིན་མ་བརྗེད་པའི་ངང་ནས་མིང་དོན་གྱི་འབྲེལ་བ་ལ་བརྟེན་པའི་ཕྱོགས་ཆོས་ཕྱིས་གོ་བར་བྱར་ཡོད་པས། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་རོ་ཞེ་ན། སྔ་མ་བདེན་མོད་ཀྱི་ཕྱིས་མིང་དོན་གྱི་འབྲེལ་བ་ངེས་ན། དེ་ཕྱིན་ཆད་མཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་པའི་ཚད་མ་དེ་ཉིད་ཀྱིས་སྒྲ་ལ་མི་རྟག་པའི་ཁྱབ་པ་ངེས་པར་བྱེད་པ་ཡིན་པས། མཉན་བྱ་ལ་མི་རྟག་པའི་ཁྱབ་པ་སྔར་ངེས། དེའི་རྗེས་སུ་མཉན་བྱ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་སུ་ངེས། དེའི་རྗེས་སུ་སྒྲ་མི་རྟག་པ་ངེས་ཀྱང་ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་ངེས་པ་མ་ཡིན་ནོ། །འོ་ན་སྒྲ་མི་རྟག་པ་མངོན་སུམ་ཚད་མས་རྟོགས་པར་ཐལ། དེ་གསར་དུ་རྟོགས་ནས་རྗེས་དཔག་མིན་པའི་ཕྱིར་ཞེ་ན། སྔར་མཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་པའི་མངོན་སུམ་དང༌། ཕྱིས་མིང་དོན་གྱི་འབྲེལ་བ་ངེས་པའི་ཚད་མ་གཉིས་ཀྱི་བྱེད་པ་ལས་རྟོགས་པ་ཡིན་ནོ། །ཕྲ་བའི་མི་རྟག་པ་རྟགས་ལས་རྟོགས་ཀྱང༌། རགས་པའི་མི་རྟག་པ་མངོན་སུམ་གྱིས་གྲུབ་པ་མི་འགལ་ལོ། །ཞེས་གསུངས་ལ། རྣམ་ངེས་ཊཱིཀ་ཆེན་ལས། སྒྲ་དང་ཉན་བྱའི་མིང་དོན་གྱི་འབྲེལ་བ་མ་ངེས་པའི་སྔ་རོལ་མཉན་བྱའི་ལྡོག་པ་ཚད་མས་ངེས་ཤིང༌། དེས་ཉན་ཤེས་སྐྱེད་པའི་བྱ་བ་བྱེད་པར་ངེས་པ་ན་ཉན་བྱ་དོན་བྱེད་ནུས་པ་ཡིན་པའི་ཕྱོགས་ཆོས་གྲུབ་ཅིང༌། དོན་བྱེད་ནུས་པ་ལ་མི་རྟག་པའི་ཁྱབ་པར་ངེས་པར་བྱས་ནས། རྟགས་དེ་ལ་བརྟེན་ནས་ཉན་བྱ་ལ་མི་རྟག་པའི་ཁྱབ་པ་ངེས་ནུས་སོ། །ཚུལ་དེ་ལྟར་ཉན་བྱ་ལ་མི་རྟག་པས་བྱེད་པ་ངེས་པར་བྱེད་པ་ལས་དཔེ་དགོས་པའི་དོན་མེད་དོ། །ཞེས་གསུངས་སོ། །དེ་ལྟར་མཉན་བྱའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་དབང་རྟུལ་གྱི་མཐུན་དཔེ་མེད་པར་རྗེས་ཁྱབ་ངེས་མི་ནུས་པས། དེ་འདྲའི་རྒོལ་བའི་ངོར་ཉན་བྱ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་སུ་སློབ་དཔོན་མཁས་པ་རྣམས་མཐུན་པར་བཞེད་ལ། སྔར་བཤད་པ་ལྟར་རྗེས་ཁྱབ་ངེས་པ་མཐུན་དཔེ་ལ་ལྟོས་མི་དགོས་པའི་དེ་འདྲའི་རྒོལ་བ་དབང་རྣོན་གྱི་ངོར་ཉན་བྱ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ནོ་ཞེས་སློབ་དཔོན་ཤབྱྟི་བ་དང་ཆོས་མཆོག་སོགས་ཀྱིས་བཞེད་དེ། ནང་ཁྱབ་ལས། ཐུན་མོང་མ་ཡིན་གཏན་ཚིགས་ཀྱི། །ཉེས་པ་རྨོངས་ལ་ལྟོས་པ་ཡིན། །ཕྱོགས་ཀྱི་ཆོས་ཉིད་བཟུང་བ་དག །འབྲེལ་བ་ཡང་ནི་དྲན་པ་ཡིས། །རྗེས་སུ་དཔག་པར་ཁྱེད་འདོད་ན། །དེ་བཞིན་ནང་ཁྱབ་ཀྱང་འདོད་ཀྱིས། ཞེས་དང༌། འཐད་ལྡན་ལས། ཉན་པའི་ཤེས་པའི་རྟོག་པའི་དོན་བྱེད་པ་ཙམ་ཞིག་ཡིན་ནམ། དེ་ལྟར་ཡིན་ན་ནི་གོ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་ཉན་བྱ་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པ་སྤྱིར་བཏང་དང༌། རྟགས་ཡང་དག་ཏུ་སོང་བའི་དེ་འདྲའི་རྒོལ་བ་དབང་རྣོན་སྲིད་པ་དམིགས་བསལ་དུ་སློབ་དཔོན་དེ་དག་གིས་བཞེད་པར་མངོན་ནོ། །ལུང་འགལ་དྲུག་པ་ནི། ཕྱི་རོལ་བྱེ་བྲག་པས། ཡོན་ཏན་ཡིན་ན་རྫས་ཞིག་ལ་ངེས་པར་བརྟེན་དགོས་པར་འདོད་ཅིང༌། འབྱུང་བ་བཞི་ལས་ས་ཆུ་མེ་གསུམ་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཡོན་ཏན་དང་ལྡན་པས་ན་མཐོང་བའི་རྫས་ཡིན་ཞིང༌། རླུང་ནི་མི་མཐོང་བའི་རྫས་ཡིན་པས། གྲང་མིན་དྲོ་མིན་གྱི་རེག་བྱ་བཏང་སྙོམས་པ་ནི་རླུང་གི་ཡོན་ཏན་ཡིན་ནོ་ཞེས་ཟེར་རོ། །མཐོང་བའི་རྫས་ས་ཆུ་མེ་གསུམ་ལ་ཆོས་ཅན། གྲང་མིན་དྲོ་མིན་གྱི་རེག་བྱ་བཏང་སྙོམས་པ་མེད་དེ། མ་མཐོང་བའི་ཕྱིར། ཞེས་བཀོད་པའི་མ་མཐོང་བ་ནི། རེག་བྱ་བཏང་སྙོམས་པ་དེ་མཐོང་བ་ས་ཆུ་མེ་གསུམ་ལ་མི་ལྡན་པར་སྒྲུབ་པའི་རྟགས་འཁྲུལ་བ་མེད་པ་ཅན་དུ་ཐལ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཡིན་པའི་ཕྱིར། འདོད་ན། རླུང་གི་རབ་བྱེད་ལས། མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་པའི་ལུང་དང་འགལ་ལོ་ཞེས་འཆད་པ་ལ། མ་མཐོང་ཕྱིར་རེག་མཐོང་བ་ལ། །མི་ལྡན་འཁྲུལ་བ་མེད་པ་ཅན། །ཞེས་གསུངས། སྐབས་འདིར་ཊིཀ་ཆེན་ལས། ལུང་དེ་དང་རྣམ་ངེས་སུ་དྲངས་པའི་མ་མཐོང་བ་ཙམ་གྱིས་མི་སྣང་བ་དག་ལ་འགོག་པར་བྱེད་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་གསུངས་པ་གཉིས་ཀྱི་ཁྱད་པར་ཇི་ལྟར་ཡིན་ཞེ་ན། ཁྱད་པར་མེད་དེ། འདི་ལྟར་མ་མཐོང་བ་ཙམ་གྱིས་མཐོང་བའི་རྫས་སུ་ཁས་བླངས་པའི་ས་ཆུ་མེ་གསུམ་ཐམས་ཅད་ལ་རེག་བྱ་བཏང་སྙོམས་པ་འགོག་པ་རིགས་པ་མ་ཡིན་ཏེ། མཐོང་བའི་རྫས་ས་ཆུ་མེ་གསུམ་པོ་ཐམས་ཅད་ལ་རེག་བྱ་བཏང་སྙོམས་པ་ཡོད་ཀྱང་སྐབས་ཀྱི་ཕྱི་རྒོལ་ལ་སྣང་དུ་མི་རུང་བའི་ཕྱིར་དང༌། ཡོད་ཀྱང་སྣང་མི་རུང་བ་དག་ལ་མཐོང་བས་མེད་པ་གོ་བར་བྱེད་མི་ནུས་པའི་ཕྱིར་ཞེས་པ་ནི་གཉིས་ཀའི་དོན་ཡིན་ནོ། །ཞེས་དང༌། རྣམ་བཤད་ལས། བྱེ་བྲག་པས་མཐའ་གཞན་འགོག་པའི་རིགས་པས་རེག་བྱ་བཏང་སྙོམས་པ་འབྱུང་བའི་ཡོན་ཏན་དང༌། དེ་ཡང་རླུང་ལ་བརྟེན་པ་སྒྲུབ་འདོད་ནས་ཆོས་གཞན་གསུམ་ལ་བརྟེན་པ་འགོག་པའི་ཆེད་དུ་བཀོད་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་དེ་ལྟར་འདོད་པའི་རང་སྡེ་དང་གཞན་སྡེ་གཉིས་ལ་ཐུན་མོང་དུ་མངོན་སུམ་གྱིས་གནོད་པ་བསྟན་པ་ནི། ཟོས་པའི་སྐྱུར་རུ་ར་དེ་ལ་རོ་ནུས་ཁྱད་པར་ཅན་ཡོད་པར་མཐོང་བ་ན། ཡུལ་གཞན་གྱི་སྐྱུར་རུ་ར་ཆོས་ཅན། རོ་ནུས་ཁྱད་པར་ཅན་འདི་ལྡན་པ་ཡིན་ཏེ། སྐྱུར་རུ་ར་ཡིན་པའི་ཕྱིར། འདོད་ན། སྐྱེ་ཡུལ་སོགས་ཀྱི་ཁྱད་པར་ལས་རོ་ནུས་མི་འདྲ་བ་ཐ་དད་དུ་སྣང་བ་མངོན་སུམ་གྱིས་གྲུབ་པ་དང་འགལ་བའི་ཕྱིར་ཞེས་འཆད་པ་ལ། ཡུལ་ལ་སོགས་པའི་ཁྱད་པར་ལས། །རྫས་ལ་ནུས་པ་ཐ་དད་སྣང༌། །དེ་ལ་གཅིག་མཐོང་གཞན་ལ་དེ། །ཡོད་པར་ངེས་པར་རིགས་མ་ཡིན། །ཞེས་གསུངས། རྗེ་བཙུན་ཏཱ་ར་ནཱ་ཐའི་ཆོས་འབྱུང་ལས། སློབ་དཔོན་ཆོས་ཀྱི་གྲགས་པས། སློབ་དཔོན་ཕྱོགས་གླང་གི་སློབ་མ་དབང་ཕྱུག་སྡེ་ལས་ཚད་མ་ཀུན་བཏུས་ཚར་གཅིག་གསན་པས། སློབ་དཔོན་དབང་ཕྱུག་སྡེ་དང་མཉམ་པར་གྱུར། ལན་གཉིས་པ་གསན་པས་ཕྱོགས་ཀྱི་གླང་པོ་དང་མཉམ་པར་གྱུར། ལན་གསུམ་པ་གསན་པ་ན་སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་ཀྱི་གླང་པོའི་དགོངས་པ་མ་ལོན་པར་འགའ་ཞིག་ནོར་བར་མཁྱེན་ནས་སློབ་དཔོན་ཉིད་ལ་བཟླས་པས་ཤིན་ཏུ་དགྱེས་ཏེ། ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་པ་སྟེ། གྲུབ་མཐའ་ནོར་བ་ཐམས་ཅད་སུན་ཕྱུང་ལ་ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་བ་གྱིས་ཤིག །ཅེས་སློབ་དཔོན་ལས་གནང་བ་ཐོབ་པར་གསུངས་སོ། །གསུམ་པ་དེ་ལྟར་འདོད་པའི་གཞན་སྡེ་གསུམ་ལ་རང་རང་གིས་ཁས་བླངས་ནང་འགལ་བསྟན་པ་ནི། བདག་དང་ས་ལ་ཤེས་ཡོད་སོགས། །མེད་པ་རབ་སྒྲུབ་བྱེད་མིན་པའི། །མ་དམིགས་གང་ཡིན་དེ་ཁོ་ན། །གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི། །ཞེས་གསུངས། །བྱེ་བྲག་པས་གསོན་ལུས་ལ་རང་སྐྱ་བའི་བདག་མ་མཐོང་ཡང་ཡོད་ཟེར་བ་དང༌། ཡང་སྲོག་དང་ལྡན་པ་དེ། གསོན་ལུས་གང་ཟག་གི་བདག་དང་བཅས་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་བས། །མི་མཐུན་ཕྱོགས་ལ་མེད་པར་འདོད་པ་གཉིས་ནང་འགལ། རྒྱང་ཕན་པས། ས་སོགས་འབྱུང་བ་བཞི་ལ་ཤེས་པ་མ་མཐོང་ཡང་ཡོད་ཟེར་བ་དང༌། ངག་སྨྲ་བ། སྐྱེས་བུ་ཕ་རོལ་བོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བས་དེ་ལ་མེད་པར་འདོད་པ་གཉིས་ནང་འགལ། གྲངས་ཅན་པས། འོ་མ་ལ་ཞོ་མ་མཐོང་ཡང་ཡོད་ཟེར་བ་དང༌། འདུས་བསགས་དེ། མིག་སོགས་བདག་དོན་བྱེད་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་བས། མི་མཐུན་ཕྱོགས་དེ་ལ་མེད་པར་འདོད་པ་གཉིས་ནང་འགལ་ལོ་ཞེས་པའོ། གཞན་ཡང་འདི་ཉིད་ལས། རྒྱུ་མ་ཚོགས་པས་འབྲས་བུ་ནི། །རྗེས་སུ་དཔག་པ་གང་ཡིན་ཏེ། ལྷག་མ་དང་ལྡན་ནུས་མེད་ཕྱིར།། ལུས་ལས་འདོད་ཆགས་རྗེས་དཔག་བཞིན། ༈ །མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འབྲས་སྤྱི་མཐོང་བ་ལས། །གཏན་ཚིགས་ཤེས་པ་ཚད་ལྟར་སྣང༌། །ཚིག་ལས་ཆགས་ཅན་ལ་སོགས་བཞིན། །མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འཁྲུལ་བ་མེད་པ་མིན། །འཁྲུལ་བ་སྲིད་པ་ཅན་ཉིད་ཕྱིར། །ཕྲུ་བའི་འབྲས་ནི་ཚོས་པ་བཞིན། །གང་ཞིག་མ་མཐོང་བ་ཙམ་གྱིས།། ལྡོག་པ་རབ་ཏུ་སྟོན་བྱེད་པ། །དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། །ཅེས་དང༌། འགྲེལ་ཆུང་ལས། རྒྱུ་ཁ་ཡར་བ་ལས་ཀྱང་འབྲས་བུ་འབྱུང་རུང་དུ་དཔོག་ནུས་ཏེ། ལུས་རྒྱས་པ་ལས་འདོད་ཆགས་སྐྱེ་བའི་ཕྱིར་ཞེ་ན། རྒྱུ་མ་ཚོགས་པའི་ནས་ཡན་གར་བ་དེ་ཆོས་ཅན། ཁྱོད་ལས་འབྲས་བུ་མྱུ་གུ་ནི་སྐྱེ་རུང་དུ་རྗེས་སུ་དཔག་པ་གང་ཡིན་པ་དེ་མི་རིགས་པར་ཐལ། དེ་སྒྲུབ་ཀྱི་ལྷག་མ་དང་ལྡན་པའི་རྟགས་ཡིན་པའི་ཕྱིར་དང༌། ཁྱོད་ཁོ་ན་ལ་མྱུ་གུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར། དཔེར་ན། ལུས་ལས་འདོད་ཆགས་རྗེས་སུ་དཔོག་པ་བཞིན་ནོ། །མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་འབྲས་བུའི་སྤྱི་མཐོང་བ་ལས། རྒྱུའི་ཁྱད་པར་དཔོག་པའི་གཏན་ཚིགས་ཤེས་པ་མི་འཐད་དེ། དེ་ལྟ་བུའི་རྟགས་དེ་ཚད་མ་སྟེ་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། དཔེར་ན། ཚིག་ལས་ཆགས་ཅན་ལ་སོགས་པ་དཔོག་པ་བཞིན་མཐོང་བ་ཙམ་གྱིས། ལྡོག་ཁྱབ་འཁྲུལ་བ་མེད་པ་མིན་པར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་འཁྲུལ་བ་སྲིད་པ་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན། ཟོས་པའི་འབྲས་དང༌། ཕྲུ་བ་གཅིག་གི་ནང་དུ་བཙོས་བའི་རྟགས་ལས། འབྲས་ལྷག་མ་ནི་ཚོས་པར་དཔོག་པ་བཞིན་ནོ། །འོ་ན་ལྷག་ལྡན་གྱི་དོན་ཅི་ཞེ་ན། གང་ཞིག་མ་མཐོང་བ་ཙམ་གྱིས་ལྡོག་པ་རབ་ཏུ་སྟོན་པར་བྱེད་པའི་ངག་སྨྲ་བ་དེ་ནི་ཆོས་ཅན། ཕ་རོལ་པོ་ཆགས་ལྡན་དུ་སྒྲུབ་པ་དེ་ལ་ལྷག་མ་དང་ལྡན་པ་ཞེས་བརྗོད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར། ཞེས་སོ། །དེའི་ཕྱིར་སློབ་དཔོན་རང་གི་ལུགས་ལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ངེས་པ་ལ་རྟགས་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་དགོས་ཀྱང༌། ལྡོག་ཁྱབ་གྲུབ་པ་ལ་རྟགས་ཀྱི་ལྡོག་གཞི་མི་མཐུན་ཕྱོགས་མཐའ་དག་ངེས་པར་རྟོགས་དགོས་པར་མི་འདོད་དོ། །བསྒྲུབ་བྱའི་ཆོས་དེ་དག་མེད་ནའང་རྟགས་དེ་མེད་ཅེས་དཔེ་ལ་འབྲེལ་བ་སྒྲུབ་ངག་གིས་བརྗོད་པ་ལས་ཀྱང་རྟགས་མི་མཐུན་ཕྱོགས་མཐའ་དག་པར་རྟོགས་པའི་ཕྱིར། ཞེས་འཆད་པ་ལ། དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ནའང་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །ཞེས་དང༌། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས་སོ།།

 རྟགས་ཡང་དག་ཅུང་ཟད་བཤད་པ།

དེ་ནས་རྟགས་ཡང་དག་ཅུང་ཟད་བཤད་པ་ལ། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད། སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་རྟགས་ཡང་དག་ལ་དབྱེ་ན། བསྒྲུབ་བྱའི་ཆོས་དང་འབྲེལ་ཚུལ་གྱི་སྒོ་ནས་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མེད་དགག་བཟུང་བའི་དགག་རྟགས་ཡང་དག་དང༌། མ་ཡིན་དགག་དང་བསྒྲུབ་པ་ཅི་རིགས་བཟུང་བའི་སྒྲུབ་རྟགས་ཡང་དག་གཉིས། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། བྱས་པའི་རྟགས་ཀྱིས། སྒྲ་སྐད་ཅིག་མར་སྒྲུབ་པ་ལྟ་བུའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མཚན་ཉིད་ཁོ་ན་བཟུང་བའི་དོན་འབའ་ཞིག་སྒྲུབ་དང༌། སྐད་ཅིག་མའི་རྟགས་ཀྱིས། སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་བསྒྲུབ་བྱའི་ཆོས་ལ་མཚོན་བྱ་ཁོ་ན་བཟུང་བའི་ཐ་སྙད་འབའ་ཞིག་སྒྲུབ་དང༌། བྱས་པའི་རྟས་ཀྱིས། སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་བསྒྲུབ་བྱའི་ཆོས་ལ་མཚན་མཚོན་གཉིས་ཀ་བཟུང་བའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་དང་གསུམ། བསྒྲུབ་བྱའི་སྒོ་ནས་དབྱེ་ན། དངོས་སྟོབས་ཀྱི་རྟགས་ཡང་དག་དང༌། རྟོག་པའི་ཡུལ་ན་ཡོད་པའི་རྟགས་ཀྱིས། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལྟ་བུའི་གྲགས་པའི་རྟགས་ཡང་དག་དང༌། དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང༌། རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པ་ལྟ་བུའི་ཡིད་ཆེས་ཀྱི་རྟགས་ཡང་དག་གསུམ། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། བྱས་པའི་རྟགས་ཀྱིས། སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་མཐུན་ཕྱོགས་ལ་ཁྱབ་བྱེད་དང༌། བྱས་པའི་བྱེ་བྲག་གི་རྟགས་ཀྱིས། སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་གཉིས། དྲུག་པ། རྟགས་ཡང་དག་ལ་རྒོལ་བའི་སྒོ་ནས་དབྱེ་ན། རང་ཉིད་ཀྱིས་རང་ལ་བཀོད་པའི་རང་དོན་སྐབས་ཀྱི་རྟགས་ཡང་དག་དང༌། རྒོལ་བ་གཞན་གྱིས། གཞན་ལ་བཀོད་པའི་གཞན་དོན་སྐབས་ཀྱི་རྟགས་ཡང་དག་གཉིས་ཡོད་དོ། །དེ་ལྟར་རྟགས་ཡང་དག་ལ་དབྱེ་ཚུལ་གྱི་སྒོ་ནས་དུ་མ་ཞིག་ཡོད་ཀྱང༌། དེ་ཐམས་ཅད་འབྲས་རང་མ་དམིགས་པའི་རྟགས་ཡང་དག་ཅི་རིགས་སུ་འདུས་པ་ཡིན་ཏེ། གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་གསུངས་པས་སོ།།

འབྲས་རྟགས་ཡང་དག་བཤད་པ།

དེ་ནས་འབྲས་རྟགས་ཡང་དག་ནི། འབྲས་བུའི་ཚུལ་གསུམ་ཡིན་པ། འབྲས་རྟགས་ཡང་དག་གི་མཚན་ཉིད། གོ་ཐོབ་བྱས་ན། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །ཁྱོད་ཀྱི་རྟགས་ཀྱི་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་བཟུང་བྱ་གཙོ་བོ་ཡང་ཡིན། ཁྱོད་ཀྱི་རྒྱུ་ཡང་ཡིན་པའི་གཞི་མཐུན་པ་དམིགས་པ་དེ། ཁྱོད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་མཚན་ཉིད། དབྱེ་ན། དུ་བའི་རྟགས་ཀྱིས། དུ་ལྡན་ལ་ལ། མེ་ཡོད་པར་སྒྲུབ་པ་ལྟ་བུའི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང༌། སྐྱེས་ཙམ་ཉིད་ནས་ཟ་འཐུང་སོགས་ཤེས་པའི་རྟགས་ཀྱིས། སྐྱེས་མ་ཐག་པའི་བེའུ་སོགས། །སྐྱེ་བ་སྔ་མའི་གོམས་པ་སྔོན་དུ་སོང་བར་སྒྲུབ་པར་སྒྲུབ་པ་ལྟ་བུའི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང༌། རེས་འགའ་བའི་དངོས་པོའི་རྟགས་ཀྱིས། ཉེར་ལེན་གྱི་ཕུང་པོ། རང་རྒྱུ་དང་བཅས་པར་སྒྲུབ་པ་ལྟ་བུའི་རྒྱུའི་སྤྱི་སྒྲུབ་ཀྱི་དེ་དང༌། རང་གི་དམིགས་རྐྱེན་མེད་པར་མི་སྐྱེ་བའི་དངོས་པོའི་རྟགས་ཀྱིས། སྔོར་སྣང་དབང་ཤེས་རང་གི་དམིགས་རྐྱེན་དང་བཅས་པར་སྒྲུབ་པ་ལྟ་བུའི་རྒྱུ་ཁྱད་པར་སྒྲུབ་པའི་དེ་དང༌། བུ་རམ་གྱི་རོ་ད་ལྟ་བའི་རྟགས་ཀྱིས། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པ་ལྟ་བུའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་དང་ལྔ་ཡོད། དང་པོ་ནི་རྩ་བར། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག མེད་ན་མི་འབྱུང་འབྲས་བུ་ནི། གཏན་ཚིགས། ཞེས་པས་བསྟན། གཉིས་པ་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ནི། ཕྱི་རོལ་རྒྱང་ཕན་པ་ན་རེ། སྐྱེ་བ་སྔ་མ་དང་ཕྱི་མ་མེད་དེ། དཔེར་ན། སྒྲོན་མེ་དང་དེ་ལ་བརྟེན་པའི་འོད་དང༌། རྩིག་པ་དང་དེ་ལ་བརྟེན་པའི་རི་མོ་དང༌། ཆང་དང་མྱོས་པའི་ནུས་པ་བཞིན་དུ། ལུས་འཇིག་པ་ན་སེམས་ཀྱང་འཇིག་པའི་ཕྱིར་ཟེར། དེ་ལ་གསུངས་པ། སྐྱེ་བ་ཡོངས་སུ་ལེན་པ་ན།། འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཧ་ཅང་ཐལ་ཕྱིར། ཞེས་བྱུང༌། དོན་ནི། སྐྱེ་བ་སྔ་མ་ནི་ཡོད་དེ། སྐྱེས་མ་ཐག་པའི་བྱིས་པ་རྣམས་ཀྱི་དབུགས་འབྱུང་རྡུབ་དང༌། དབང་པོ་དྭངས་པ་དང༌། ནུ་ཞོ་འཐུང་འདོད་ཀྱི་བློ་སོགས་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་སོགས་ལས་སྐྱེ་བའི་ཕྱིར། དབང་པོ་དང་སེམས་རང་གི་རིགས་འདྲའི་ཉེར་ལེན་མེད་པར་འབྱུང་བ་འབའ་ཞིག་ལས་སྐྱེ་བ་མིན་ཏེ། དེ་ལྟར་ན་ཧ་ཅང་ཐལ་བའི་ཕྱིར། འོ་ན་ས་རྡོ་རི་བྲག་ཐམས་ཅད་ལ་སེམས་དང་དབང་པོ་ཡོད་པར་ཐལ། འབྱུང་བས་ཉེར་ལེན་བྱས་པ་ལ་བརྟེན་ནས་སེམས་ཅན་འབྱུང་བའི་ཕྱིར། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོ་ལས་ཀྱང༌། བེའུའང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་ཚོལ་བྱེད། །ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར། །དཔེར་ན་དབང་པོ་སྨོན་པ་བཞིན། །ཞེས་གསུངས་པ་ལྟར་རོ། །སྐྱེ་བ་ཕྱི་མའང་ཡོད་དེ། འཆི་ཁ་མའི་སེམས་ཀྱང་སྐད་ཅིག་གཉིས་པ་ནས་རྒྱུན་མི་ཆད་པར་རིགས་འདྲ་ཕྱི་མ་མཚམས་སྦྱོར་བའི་ཕྱིར། ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །ཅེས་དང༌། སློབ་དཔོན་ཀཱ་མ་ལ་ཤི་ལའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བར། གང་འདོད་ཆགས་དང་བཅས་པའི་སེམས་ཡིན་པར་དེ་ནི། རང་གིས་ཉེ་བར་བླང་བར་བྱ་བའི་སེམས་གཞན་བསྐྱེད་པར་ནུས་པ་ཡིན་ཏེ། ཆགས་པ་དང་བཅས་པའི་སྔར་གྱི་གནས་སྐབས་ཀྱི་སེམས་བཞིན། ཐ་མལ་བ་འཆི་ཁའི་སེམས་ཀྱང་འདོད་ཆགས་དང་བཅས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་དང༌། གང་དུ་དྲོད་གཤེར་ལ་སོགས་པ། །སྐྱེ་བོ་སྐྱེ་པར་མི་འགྱུར་བའི། །ས་སོགས་ཆ་དེ་འགའ་ཡང་མེད། །ཅེས་དང༌། རྣམ་བཤད་ལས། འབྱུང་བ་ཐམས་ཅད་སྲོག་ཆགས་ཀྱི་ས་བོན་གྱི་བདག་ཉིད་ཅན་དུ་ཐལ། གང་དུ་དྲོད་གཤེར་ལས་སྐྱེས་བ་ལ་སོགས་པ་སྐྱེ་བོ་སྐྱེ་བར་མི་འགྱུར་བའི་ས་སོགས་འབྱུང་བའི་ཆ་དེ་འགའ་ཡང་མེད་པ་དེའི་ཕྱིར། སྲོག་ཆགས་ཀྱི་རྒྱུ་བྱེད་པ་ཙམ་གྱིས་སྲོག་ཆགས་སུ་འགྱུར་ན་ཧ་ཅང་ཐལ་བའི་ཉེས་བ་དེ་ཉིད་སོ་ན་གནས་སོ། །ཞེས་དང༌། དོན་བསྡུས་ན། སྐྱེས་མ་ཐག་པའི་ཡིད་བློ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། དཔེར་ན། དེ་ལྟར་གྱི་ཆགས་པ་ལས་ཞེས་སྡང་འབྱུང་བར་མཐོང་བ་བཞིན་ཞེས་པ་དང༌། ཐ་མལ་བ་འཆི་ཁའི་ཡིད་བློ་ཆོས་ཅན། རིག་པ་ཕྱི་མ་མཚམས་སྦྱོར་ཏེ། ཆགས་བཅས་ཀྱི་རིག་པ་ཡིན་པའི་ཕྱིར། དཔེ་སྔ་མ་བཞིན་ནོ། །རྟགས་དེ་གཉིས་ཀྱི་ཕྱོགས་ཁྱབ་ལེགས་པར་གྲུབ་པ་ཡིན་པས་སྐྱེ་བ་སྔ་ཕྱི་ཡོད་པར་གྲུབ་བོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སྐྱེ་བ་སྔ་མ་ནས་འདི་དང༌། འདི་ནས་ཕྱི་མར་འགྲོ་བ་ཞིག་ཡོད་ན་མིག་གིས་མཐོང་ཆོག་པ་ལ། སུས་ཀྱང་མ་མཐོང་བའི་ཕྱིར་ཟེར། དེ་ལ་གསུང་པ། གལ་ཏེ་འགྲོ་འོང་མ་མཐོང་ན། །དཔེར་ན་མིག་མི་གསལ་བ་ཡིས། །དུ་བ་ཆུང་དུ་མི་མཐོང་བཞིན། །ཞེས་བྱུང༌། དོན་ནི། བར་སྲིད་པ་འགྲོ་འོང་བྱེད་པ་རྒྱང་ཕན་ཁྱོད་ཀྱིས་མི་མཐོང་སྟེ། ཁྱོད་ཀྱི་མིག་མི་གསལ་བའི་ཕྱིར། དཔེར་ན། ཁྱོད་ཀྱི་མིག་གིས་དུ་བ་ཕྲ་མོ་མི་མཐོང་བ་བཞིན་ནོ། །མཛོད་ལས་ཀྱང༌། རིགས་མཐུན་ལྷ་མིག་དག་པས་མཐོང༌། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ཞེས་པར་སྲིད་རིགས་མཐུན་པ་ཕན་ཚུན་དང་ལྷའི་མིག་གིས་མཐོང་ལ་གཞན་གྱིས་མི་མཐོང་བར་གསུངས་སོ། །ཡང་རྒྱང་ཕན་པ་ན་རེ། གལ་ཏེ་མིག་གིས་མི་མཐོང་ན་ཡང༌། གཟུགས་ཅན་དུ་ཡོད་ན་ལུས་ལ་ཐོགས་ཆོག་པ་ལ་སུ་ལ་ཡང་མི་ཐོགས་པའི་ཕྱིར་ཟེར་བ་ལ། ལན་གསུང་བ། ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་བྱུང༌། དོན་ནི་བར་སྲིད་པ་དེ་ལུས་ཅན་ཡིན་ཡང་དེའི་ལུས་ཤིན་ཏུ་ཕྲ་བས་མི་ཐོགས་ཏེ། དཔེར་ན། བྱེ་མ་ལ་ཆུ་དང་གསེར་ལ་དངུལ་ཆུ་མི་ཐོགས་པ་བཞིན་ནོ། །རྒྱང་ཕན་ཁྱོད་ཀྱི་མིག་གིས་མ་མཐོང་བ་དང་ལུས་ཀྱིས་མ་རེག་པས་མེད་པར་མི་འགྲུབ་སྟེ། ཁྱོད་ཀྱིས་མ་མཐོང་བའི་ཆོས་འཇིག་རྟེན་ན་མཐའ་ཡས་པའི་ཕྱིར། ཡང་གསུང་བ། ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར།། ཞེས་དང༌། ཤི་བས་ཉེས་པ་ཉམས་གྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར། །རྒྱང་ཕན་ཁྱོད་ལྟར་ན། ཤི་པའི་རོ་ལ་ཡང་ལུས་ནི་ཚང་བར་གནས་པས་དེ་ལ་སེམས་ཀྱང་གནས་པར་འགྱུར་ལ། དེ་ལྟར་ན་རོ་མ་འཇིག་པར་དུ་སེམས་མི་ལྡོག་པར་ཐལ་ལོ། །གཞན་ཡང༌། མི་ཤི་བས་ནད་ཀྱི་ཉེས་པ་སྡུག་བསྔལ་སོགས་ཉམས་པར་གྱུར་པ་ན། མི་དེ་སླར་ཡང་གསོན་ཞིང་འཚོ་བ་དག་ཏུ་འགྱུར་བར་ཐལ། ལུས་དང་སེམས་ནི། སྒྲོན་མེ་བཞིན་དུ་གཅིག་ཅར་སྐྱེས་ཤིང་གཅིག་ཅར་འཇིག་དགོས་པའི་ཕྱིར། ཁོ་ན་རེ། ལུས་སེམས་ཀྱི་ཉེར་ལེན་མིན་ན། འཁོར་བའི་རྒྱུ་གང་ཞེ་ན། གསུང་བ། བདག་ལ་ཚོགས་པ་དང་ལྡན་པས། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདེ་སྡུག་དོན་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་འཛིན། །སྡུག་བསྔལ་ཕྱིན་ཅི་ལོག་བློ་དང༌། །སྲིད་པ་ཀུན་ནས་འཆིང་བ་ནི། །སྐྱེ་རྒྱུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ། །ཞེས་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པའི་བློ་དང༌། སྲེད་པ་མེད་ན་ལས་ཉོན་གྱི་དབང་གིས་འཁོར་བར་མི་སྐྱེ་ལ། དེ་ཡོད་ན་སྐྱེ་བར་གསུངས་པས་སོ། གཞན་ཡང༌། ཕ་མ་གཅིག་ལས་སྐྱེས་པའི་སྤུན་རྣམས་ལས། ཁ་ཅིག་དབང་པོ་ཚང་ལ། ཁ་ཅིག་མ་ཚང་བ་དང༌། ཁ་ཅིག་ཡིད་གཞུང་ལ། ཁ་ཅིག་བླུན་པོ་དང༌། ཁ་ཅིག་ཞེ་སྡང་ཆེ་ལ། ཁ་ཅིག་སྙིང་རྗེ་ཆེ་བ་སོགས་འགའ་ཞིག་རང་གི་སྐྱེ་བ་སྔོན་མས་གོམས་པ་དང་འགའ་ཞིག་ལས་ཀྱིས་བྱས་པ་མིན་ན། དེ་ལྟར་གྱུར་བའི་རྒྱུ་མཚན་གཞན་མི་རྙེད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས། སེམས་ཅན་འདི་དག །ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་བ་སྤྱོད་པ། ལས་ཀྱི་སྐྱེ་གནས་ལ་བརྟེན་པར་བྱ་བ་དག་སྟེ། ལས་ནི། སེམས་ཅན་མཐོན་པོ་དང་དམའ་བ་དང་ངན་པ་དང་གྱ་ནོམ་པ་རྣམ་པར་འབྱེད་པའོ། ཞེས་བཀའ་བསྩལ་བ་ལྟར་ལ། འདི་ཉིད་ལས་ཀྱང༌། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་རྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་རྒྱུ་སྦྱི་སྒྲུབ་ཀྱི་དེ་ནི། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །ཅེས་དང༌། རྣམ་བཤད་ལས། སྡུག་བསྔལ་གྱི་ཕུང་པོ་འདི་ཆོས་ཅན། རྒྱུ་དང་བཅས་པ་ཉིད་དུ་གྲུབ་སྟེ། རེས་འགའ་སྐྱེ་བ་ཉིད་ཡིན་པའི་ཕྱིར། ཞེས་སོ། །འདི་ནི་རྒྱུ་ཡི་ཁྱད་པར་ངོས་མ་བཟུང་བར་རང་རྒྱུ་དང་བཅས་པ་ཙམ་སྒྲུབ་པས་ན་དེ་ལྟར་བརྗོད་དོ། །བཞི་བ་རྒྱུ་ཁྱད་པར་སྒྲུབ་པའི་འབྲས་རྟགས་ནི། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །དབང་པོ་བློ་དང་ལྡན་པའི་ཕྱིར།། ཞེས་པས་བསྟན། སྔོ་འཛིན་དབང་ཤེས་ལྟ་བུ་རྒྱུ་ཁྱད་པར་བ་རང་གི་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་སོགས་ལས་སྐྱེ་བར་སྒྲུབ་པས་ན་དེ་ལྟར་བཤད་དོ། །དེ་ཡང་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་དང༌། ཉན་ས་ལས། ཡོངས་སུ་མྱ་ངན་ལས་མི་འདའ་བའི་རྟགས་ནི་མང་དུ་ཡོད་མོད་ཀྱི། ཕྱོགས་ཙམ་ཞིག་བརྗོད་པར་བྱའོ། །ཞེས་གནས་སྐབས་རིགས་ཆད་ཀྱི་རྟགས་ལྔ་གསུངས་ཤིང༌། ལས་གྲུབ་པ་ལས། ཆུ་ན་གནས་པའི་ཉ་ནི་རབ་གབ་ཀྱང༌། །ཆུ་ཡི་རླབས་ཀྱི་འགྱུར་བ་རྣམས་ཀྱིས་སྟོན། །ཕྱི་རོལ་སྤྱོད་པའི་འགྱུར་བ་དག་གིས་ནི། །སྐྱེ་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །ཞེས་ཕྱི་རོལ་གྱི་བྱ་སྤྱོད་དང༌། ལུས་ངག་གི་འབྲས་རྟགས་ལས། རིགས་ཀྱི་ཁྱད་པར་དང་བསམ་པའི་ཁྱད་པར་སོགས་རྟོགས་པར་གསུངས་སོ། །རྩ་བར། དེ་ནི་རྣམ་གསུམ་ཉིད། ཅེས་ངེས་བཟུང་གི་ཚིག་གིས་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་གྲངས་ངེས་པར་བཤད་པ་ལ། གཞན་སྡེ་རིག་པ་ཅན་པ་སོགས་ན་རེ། ནས་མྱུག་གི་རྒྱུ་ཚོགས་གྲངས་ཚང་བའི་ཞིང་དེ། ནས་ས་ཆུ་ལུད་དྲོད་གཤེར་སོགས་ཚང་བའི་ཞིང་ཤར་མའི་སྟེང་དུ་ནས་ཀྱི་མྱུ་གུ་སྐྱེ་བར་གྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་གསུམ་གང་རུང་མ་ཡིན་པའི་ཕྱིར་ཟེར། རིག་པ་ཅན་པ་ཁྱོད་ཀྱིས། རྟགས་དེས། ཞིང་དེའི་སྟེང་དུ་ནས་མྱུག་སྐྱེ་རུང་དུ་སྒྲུབ་པ་ཡིན་ནམ། སྐྱེ་ངེས་སུ་སྒྲུབ་པ་ཡིན། དང་པོ་ལྟར་ན་རྟགས་མ་གྲུབ་སྟེ། རྟགས་དེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར་ཞེས་འཆད་པ་ལ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་ཏེ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་དང༌། ཊཱིཀ་ཆུང་ལས། སྔ་ཕྱི་ལ་བརྟེན་པའི་རྩོད་པ་སྤང༌། དུས་མཉམ་ལ་བརྟེན་པའི་རྩོད་པ་སྤང་བའོ། །དང་པོ་ནི། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་དུ་ངེས་ན། རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ་དེ་རྟགས་ཡང་དག་མ་ཡིན་པར་འགྱུར་རོ་ཞེ་ན། ནས་ཀྱི་ས་བོན་དང་ཆུ་ལུད་དྲོད་གཤེར་ཚོགས་པ་དེ་ནི་ཆོས་ཅན། དེ་འདྲའི་ཞིང་སྟེང་དུ་ནས་ཀྱི་མྱུ་གུ་སྐྱེ་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་བརྗོད་དེ། དེ་སྒྲུབ་གྱི་སྒྲུབ་རྟགས་ཡང་དག་གང་ཞིག །རྒྱུ་རྐྱེན་དོན་གཞན་ལ་ནི་མི་ལྟོས་པར་དང་པོ་ནས་ནས་ཀྱི་མྱུ་གུ་སྐྱེ་རུང་གི་རང་བཞིན་དུ་ཡོད་པ་ཡིན་པའི་ཕྱིར། ཞེས་སོ། །གཉིས་པ་ལྟར་ན། ནས་མྱུག་གི་རྒྱུ་ཚོགས་གྲངས་ཚང་ན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་མ་ཁྱབ་སྟེ། ས་བོན་བྱ་རོག་གིས་ཟོས་པ་ལ་སོགས་པའི་གེགས་བྱེད་པ་དག་སྲིད་པའི་ཕྱིར་ཞེས་འཆད་པ་ལ། ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་དང༌། ཊིཀ་ཆེན་ལས། གཉིས་པ་ལྟར་ན། དེ་ཆོས་ཅན། ཁྱོད་ཀྱིས་རང་ཕྱོགས་ཀྱི་ཆོས་སུ་གྲུབ་པའི་གཞིར། འབྲས་བུ་ནས་ཀྱི་མྱུ་གུ་སྐྱེད་ངེས་དཔོག་པ་ལ་ནི། ཁྱབ་པ་མ་ངེས་པ་ཉིད་ཡིན་ཏེ། ཁྱོད་ལས་འབྲས་བུ་དེ་སྐྱེ་བ་ཁྱོད་ཀྱི་ཚོགས་བ་སྐད་ཅིག་སྔ་མ་དང་ཕྱི་མའི་ནུས་པ་རྣམས་གོང་ནས་གོང་དུ་འགྱུར་བ་དང་འབྲེལ་ཞིང་ལྟོས་པའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱང་ཡིན། དེ་ལྟར་ནུས་པ་འགྱུར་པའི་རྒྱུ་གཞན་གྱི་སྐབས་སུ། འགལ་རྐྱེན་གྱི་གེགས་བྱེད་པའང་ཡིན་པའི་གཞི་མཐུན་དག་སྲིད་པའི་ཕྱིར་རོ། །གང་དག་འདིའི་རྒྱུ་ཚོགས་གྲངས་ཚང་ཆོས་ཅན་དུ་འཛིན་པ་ནི་མི་རིགས་ཏེ། དེའི་རྒྱུ་ཚོགས་གྲངས་ཚང༌། ཆོས་ཅན་དུ་ངེས་ནས་དེ་ལས་འབྲས་བུ་དེ་སྐྱེད་རུང་མི་རུང་ཐེ་ཚོམ་ཟ་བ་མི་སྲིད་པའི་ཕྱིར་རོ། །དེས་ན་ཆོས་ཅན་དུ་འཛིན་ལུགས་སོགས་ཇི་ལྟར་བྱ་སྙམ་ན། ནས་ཀྱི་ས་བོན་ཆུ་ལུད་དྲོད་གཤེར་དུས་དང་འཚམ་པར་ཚོགས་པའི་ཞིང་ཤར་ཕྱོགས་ཀྱི་ཞིང་འདི་ཆོས་ཅན། ཁྱོད་ལས་རང་འབྲས་ནས་ཀྱི་མྱུ་གུ་སྐྱེར་རུང་སྟེ། ནས་དང་ཆུ་ལུད་དྲོད་གཤེར་སོགས་དུས་དང་འཚམས་པར་ཚོགས་པའི་ཞིང་ཡིན་པའི་ཕྱིར། ཞེས་འགོད་པར་བྱ་ཞིང༌། དེ་འདྲའི་ཚོགས་པ་དེས་ནས་ཀྱི་མྱུ་གུ་སྐྱེད་ངེས་ཡིན་ཀྱང༌། དེ་ཡིན་པ་ལ། ནས་ཀྱི་མྱུ་གུ་སྐྱེད་ངེས་ཡིན་པས་མ་ཁྱབ་བོ། ཞེས་གསུངས། སྐབས་འདིར། ངེས་པའི་ལས་དང་མ་ངེས་པའི་ལས་ཀྱི་ཁྱད་པར་དང༌། དགྲ་བཅོམ་པའི་རྒྱུད་ཀྱི་མི་དགེ་བའི་ལས་ཀྱི་རྣམ་སྨིན་ཡོད་མེད་དང༌། དེ་རྣམ་སྨིན་གྱི་རྒྱུ་ཡིན་མིན་དང༌། སེམས་ཅན་ཡིན་ན་སངས་རྒྱ་ངེས་ཡིན་པས་ཁྱབ་མ་ཁྱབ་དང༌། ཁྱབ་ན་འཚང་རྒྱ་བ་ལ་གེགས་བྱེད་པ་སྲིད་མི་སྲིད་སོགས་སྤྲོ། ཕྱི་རོལ་བྱེ་བྲག་པ་སོགས་ན་རེ། རྟགས་ཡང་དག་ལ་དེ་གསུམ་དུ་མ་ངེས་ཏེ། བུ་རམ་གྱི་རོ་མྱང་བ་ལས་དེའི་གཟུགས་དང་དྲི་སོགས་རྟོགས་པ་ཡོད་པའི་ཕྱིར། བུ་རམ་གྱི་གཟུགས་དྲི་རོ་རེག་སོགས་ཕན་ཚུན་རྒྱུ་འབྲས་ཀྱང་མིན་ལ། རང་བཞིན་ཡང་མི་གཅིག་པའི་ཕྱིར་ཟེར། ཁ་ནང་བུ་རམ་གོང་བུའི་སྟེང་དུ་ཆོས་ཅན། བུ་རོ་སྔ་མས་བུར་གཟུགས་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་དེ། བུ་རོ་ད་ལྟ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་བུ་རོ་ད་ལྟ་བ་དེ། སྦྱོར་བ་དེ་སྒྲུབ་ཀྱི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན་པས། དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་པའི་རྗེ་དཔོག་གིས་བྱེད་པ་ལ་རྟེན་ནས་བུ་རམ་དེ་ཡི་གཟུགས་ལ་སོགས་པ་རྟོགས་པ་ཡིན་གྱི། བུ་རོ་ད་ལྟ་བའི་རྟགས་ཀྱི་བུ་རམ་གྱི་གཟུགས་སོགས་རྟོགས་པ་མིན་ཏེ། དཔེར་ན། དུ་བའི་རྟགས་ཀྱིས་མེ་ཡོད་པར་རྟོགས་པ་ན་བསྲེག་བྱའི་བུད་ཤིང་གི་འགྱུར་བ་ཐལ་བ་སོགས་ཞར་ལ་རྟོགས་པ་བཞིན་ནོ་ཞེས་འཆད་པ་ལ། ཚོགས་པ་གཅིག་ལ་རག་ལུས་པའི།། གཟུགས་ལ་སོགས་པ་རོས་རྟོགས་པ། །རྒྱུ་ཆོས་རྗེས་སུ་དཔོག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན། །ཞེས་སོགས་གསུངས་སོ། །རྒྱུ་ཆོས་ཞེས་བའི་རྒྱུ་ནི། བུ་རོ་ད་ལྟར་བ་སྐྱེད་པའི་རྒྱུ་བུ་རོ་སྔ་མ་དང༌། ཆོས་ནི་བུ་རོ་སྔ་མའི་སྟེང་གི་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་སྟེ། རྣམ་བཤད་ལས། རྒྱུ་ནི་རོའི་ཉེར་ལེན་རོ་སྔ་མ་ཡིན་ལ། ཆོས་ནི། དེའི་ཁྱད་པར་གྱི་ཆོས་རོ་སྔ་མའི་གཟུགས་སྐྱེད་པའི་ནུས་པའོ། །ཞེས་གསུངས་པས་སོ། །དེས་ན། དེ་འདྲའི་བུ་རོ་སྔ་མ་ནི། བུ་རོ་ད་ལྟ་བའི་ཉེར་ལེན་དང༌། བུར་གཟུགས་ད་ལྟ་བའི་ལྷན་ཅིག་བྱེད་རྐྱེན་ནོ། །སྐབས་འདིར། རྗེས་དཔག་ལ་གཏན་ཚིགས་ཡང་དག་གི་རྗེས་སུ་སྐྱེ་བས་ཁྱབ་མིན་སོགས་ནི། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་དང༌། དུ་བས་བུད་ཤིང་འགྱུར་བ་བཞིན། །ཞེས་སོགས་ཀྱིས་སྤྲོ།

རང་བཞིན་གྱི་རྟགས་ཡང་དག་བཤད་པ།

རང་བཞིན་གྱི་རྟགས་ཡང་དག་འཆད་པ་ལ། རྩ་བར། རང་བཞིན་ཡོད་ཙམ་དང༌། །འབྲེལ་བ་ཅན་གྱི་ངོ་བོ་ཡང༌། །ཞེས་གསུངས། དེ་ཡང་མི་རྟག་པའི་རང་བཞིན་ཡོད་པར་གྲུབ་ཙམ་ནས་དེ་དང་བདག་ཉིད་གཅིག་ཏུ་འབྲེལ་བ་ཅན་གྱི་ངོ་བོར་གྲུབ་པ་བྱས་པ་ཡང༌། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག །ཁྱོད་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དང་རང་བཞིན་གཅིག་ཡིན་པའི་ཕྱིར། ཊཱིཀ་ཆུང་ལས། མི་རྟག་པའི་རང་བཞིན་ཡོད་ཙམ་དང་འབྲེལ་བ་ཅན་གྱི་ངོ་བོ་བྱས་པའང་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། ཞེས་སོ། །དེས་ན། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱི་བཟུང་བྱ་གཙོ་བོ་ཡང་ཡིན། ཁྱོད་དང་རང་བཞིན་གཅིག་པའང་ཡིན་པའི་གཞི་མཐུན་པ་དམིགས་པ་དེ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་མཚན་ཉིད། དེ་ཡི་དབྱེ་བ་ནི། རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ། །བསྒྲུབ་བྱ་སྒྲུབ་པའི་ཕྱིར་བརྗོད་དེ། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་པས་བསྟན། རྣམ་བཤད་ལས། རང་གི་བསྒྲུབ་བྱ་སྒྲུབ་པའི་ཕྱིར་དུ་བརྗོད་པའི་རང་བཞིན་གྱི་གཏན་ཚིགས་ཆོས་ཅན། སྦྱོར་ཚུལ་གཉིས་ཡོད་དེ། སྒྲ་འཇིག་པར་སྒྲུབ་པ་ལ་འབྲས་བུ་རྟགས་སུ་བཀོད་པ་བཞིན་དུ། རྟགས་བརྗོད་པའི་སྒྲ་དེ་ཉིད་ཀྱིས་བྱེད་ཆོས་ཀྱི་བྱེ་བྲག་འཕངས་པ་ལ་བལྟོས་པ་ཁྱད་པར་བལྟོས་པ་བ་དང༌། དངོས་པོར་ཡོད་པ་རྟགས་སུ་བཀོད་པ་ལྟ་བུ། དེ་ལྟར་འཕངས་པ་ལ་མི་ལྟོས་པའི་འབའ་ཞིག་པ་རྣམས་སུ་ཡོད་པའི་ཕྱིར། སྒྲ་འཇིག་པར་སྒྲུབ་པ་ལ་དངོས་པོ་རྟགས་སུ་བཀོད་པ་ཡང་ཁྱད་པར་བལྟོས་པ་པ་ཡིན་པར་ཐལ། དངོས་པོ་བློ་ཡུལ་དུ་འགྱུར་པ་དོན་བྱེད་ནུས་པ་བློ་ཡུལ་དུ་འགྱུར་པ་ལ་བལྟོས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དངོས་པོ་ཚད་མས་ངེས་པ་ལ་དོན་བྱེད་ནུས་པ་ངེས་པ་སྔོན་དུ་འགྲོ་དགོས་ཀྱང༌། དངོས་པོ་བརྗོད་པའི་སྒྲ་དེ་ཉིད་ཀྱིས་དོན་བྱེད་ནུས་པ་འཕེན་པའི་ངེས་པ་མེད་དོ། །དེས་ན། བྱས་ཞེས་བརྗོད་པ་ན་བྱེད་པ་བོ་བློ་ཡུལ་དུ་འཕེན་པ་ལྟར་བལྟོས་པའི་དོན་ནོ། །ཞེས་དང༌། རང་འགྲེལ་ལས། གཞན་གྱི་བྱེད་པ་ལ་ལྟོས་པའི་ངོ་བོ་ནི་བྱས་པ་ཡིན་པ་དེ་བས་ན། ཞེས་གསུངས་ལ། དེ་ཡང་བྱས་པ་ཞེས་བརྗོད་པའི་ཚིག་གིས་བྱས་པ་དངོས་སུ་བརྗོད་ནས་དེ་གང་གིས་བྱས་པའི་རྒྱུ་རྐྱེན་ཤུགས་ལ་འཕེན་ཞིང༌། འབྲས་བུ་ཞེས་བརྗོད་པའི་ཚིག་གིས་ཀྱང་དེ་ལྟར་འཕེན་ལ། དངོས་པོ་ཞེས་བརྗོད་པའི་ཚིག་གིས་དེ་ལྟར་མི་འཕེན་པས། དེ་གཉིས་རིམ་པ་བཞིན་སྒྲ་མི་རྟག་པར་སྒྲུབ་པའི་ལྟོས་པ་བྱེད་ཆོས་འཕེན་པ་དང་མི་འཕེན་པའི་རང་བཞིན་གྱི་རྟགས་ཡང་དག་ཏུ་བཞག་གོ །སྐབས་འདིར་བྱས་པའི་བྱེ་བྲག་དང༌། བྱས་པ་མ་ཡིན་པ་ལས་ལོག་པ་སོགས་བརྗོད་པའི་ཚིག་གིས་ལྟོས་པ་བྱེད་ཆོས་འཕེན་མིན་དང༌། དེ་དག་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གཉིས་པོ་གང་རུང་ཡིན་མིན་དང༌། དངོས་པོ་ཞེས་བརྗོད་པའི་ཚིག་གིས་དོན་བྱེད་ནུས་པ་དང་དངོས་པོ་མ་ཡིན་པ་ལས་ལོག་པ་འཕེན་མིན་སོགས་སྤྲོ།

མ་དམིགས་པའི་གཏན་ཚིགས་ཡང་དག་བཤད་པ།

གསུམ་པ་མ་དམིགས་པའི་གཏན་ཚིགས་ཡང་དག་ལ། གང་ཞིག་ཡོད་ཀྱང་སྐབས་ཀྱི་རྒོལ་བ་ལ་མི་སྣང་བས་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང༌། གང་ཞིག་ཡོད་ན་སྐབས་ཀྱི་རྒོལ་བ་ལ་སྣང་དུ་རུང་བའི་སྣང་རུང་མི་དམིགས་པའི་རྟགས་ཡང་དག་གཉིས། དང་པོ་ནི། ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །ཞེས་གསུངས། སྐབས་ཀྱི་རྒོལ་བའི་ངོར་མངོན་སུམ་དང་རྗེས་དཔག་དང་ལུང་གི་ཚད་མ་རྣམས་ནི་མི་འཇུག་པ་དེ། རྒོལ་བ་དེ་ཡི་བློ་ཡུལ་དུ་མེད་པའི་བསྐལ་བའི་དོན་ལ། འདི་ནི་འདི་ལྟར་ཞེས་མཐའ་གཅིག་ཏུ་བཅད་ཤེས་དོན་མཐུན་མི་འཇུག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་སྟེ། དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། རྣམ་བཤད་ལས། རང་གང་ལ་བསྐལ་དོན་དུ་སོང་བའི་སྐྱེས་བུའི་རྒྱུད་ཀྱི་ཚད་མ་རྣམས་ནི་འཇལ་བྱེད་དུ་མི་འཇུག་པ་ནི་ཆོས་ཅན། མདུན་གྱི་གཞི་འདིར་དེ་འདྲའི་གང་ཟག་གི་བཅད་ཤེས་དོན་མཐུན་གྱི་ཡུལ་དུ་མེད་པའི་ཤ་ཟ་ལ་གང་ཟག་དེའི་ངོར་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པ་གོ་བར་བྱེད་པའི་འབྲས་བུ་ཅན་གྱི་རྟགས་ཡང་དག་ཡིན་ཏེ། དེའི་ངོར་དེ་མི་འཇུག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། ཞེས་སོ། །དེ་ཡང་མདུན་གྱི་གཞི་འདིར་འདྲེ་ཤ་ཟ་ཡོད་མེད་བསྐལ་དོན་དུ་སོང་པའི་གང་ཟག་གི་ངོར་གཞིར་བཞག་ལ། མདུན་གྱི་གཞི་འདིར་ཆོས་ཅན། མཐའ་གཅིག་ཏུ་ཤ་ཟ་ཡོད་ཅེས་པ་དང༌། མེད་ཅེས་དམ་བཅའ་མི་རིགས་ཏེ། དེ་ལྟར་ཐག་གཅོད་ནུས་པའི་བཅད་ཤེས་དོན་མཐུན་མི་འཇུག་པའི་ཕྱིར་ཞེས་པའོ། །རྣམ་ངེས་རང་འགྲེལ་ལས། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པས་ན་བསྐལ་པ་ནི་རྣམ་པ་གསུམ་སྟེ། ཞེས་པ་གང་ཟག་འགའ་ཞིག་ལ་རང་གནས་ལས་ཡུལ་ཤིན་ཏུ་ཐག་རིང་པའི་གྲོང་དང་གྲོང་ཁྱེར་གྱི་བཀོད་པ་དང་དེར་གནས་པའི་འགྲོ་བའི་བྱེ་བྲག་སོགས་ཇི་ལྟ་བ་བཞིན་བསྐལ་དོན་དུ་སོང་བ་དང༌། རང་གི་མའི་མ་སོགས་སྟོང་ཕྲག་དང་ཁྲི་ཕྲག་བརྒལ་བའི་མའི་རྒྱུད་པའི་མིང་དོན་དང་དེ་དག་གིས་བྱ་བ་ཅི་ཞིག་བྱས་པ་སོགས་ཇི་ལྟ་བཞིན་དུས་ཀྱི་སྒོ་ནས་བསྐལ་དོན་དུ་སོང་བ་དང༌། བར་སྲིད་པ་དང་ཤ་ཟ་སོགས་མདུན་གྱི་གཞི་འདིར་ཡོད་ཀྱང་ངོ་བོ་ཕྲ་བའི་དབང་གིས་གང་ཟག་འགའ་ཞིག་ལ་བསྐལ་དོན་དུ་སོང་བ་སོགས་ཡོད་དོ། །དེའི་ཕྱིར་མདོ་ལས། དགེ་སློང་དག་ང་དང་ང་འདྲ་བས་གང་ཟག་གི་ཚོད་གཟུང་གི གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་ངོ༌། །ཞེས་སོགས་གསུངས་སོ། །དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ཀྱང་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་སྣང་དུ་མི་རུང་བ་དེ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡང་དག་གི་མཚན་ཉིད། རྣམ་བཤད་ལས། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་རང་ལ་བསྐལ་དོན་དུ་སོང་བ་དེས། དེ་ཡོད་ཅེས་དམ་བཅའ་མི་རིགས་ཏེ། དེ་དེའི་རྒྱུད་ཀྱི་ཚད་མས་མ་དམིགས་པའི་ཕྱིར། ཞེས་བཀོད་པ་ན་ཁྱབ་བྱེད་མ་དམིགས་པར་སྡུད་ཅིང༌། དེའི་རྒྱུད་ཀྱི་དེ་འཇལ་བྱེད་ཀྱི་ཚད་མ་མེད་པ་བཀོད་ན་རྒྱུ་མ་དམིགས་པར་སྡུད་ལ། ཞེས་དང༌། ཤ་ཟ་ཡོད་པ་ཉིད་སྨྲ་བ་པོའི་འདོད་པས་དམིགས་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཏེ། ལོག་ཕྱོགས་དམ་བཅའ་བ་ན་གཞི་དེར་ཤ་ཟ་ཡོད་ཅེས་དམ་བཅས་པས་སོ། །ཞེས་སོ།།

སྣང་རུང་མ་དམིགས་པའི་རྟགས་ཡང་དག་བཤད་པ།

གཉིས་པ་སྣང་རུང་མ་དམིགས་པའི་རྟགས་ཡང་དག་འཆད་པ་ལ། གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན། །འགལ་དང་འབྲས་བུ་དག་གྲུབ་དང༌། །རྒྱུ་དང་ངོ་བོ་བལྟར་རུང་བའི། །བདག་ཉིད་དག་ནི་མ་གྲུབ་པ། །མེད་དོན་ཅན་མི་དམིགས་རྣམ་བཞི། །ཞེས་གསུངས། དོན་ནི། མ་དམིགས་པའི་གཏན་ཚིགས་ཀྱི་བྱེ་བྲག་ལ་ལྟོས་ནས་གཞི་འགའ་ཞིག་ཏུ་དགག་བྱའི་ཆོས་དེ་མེད་པར་ཤེས་པར་བྱེད་པ་སྟེ་སྒྲུབ་པར་བྱེད་པའི་འབྲས་བུ་ཅན་གྱི་རྟགས་ཡང་དག་ཡིན་ཏེ། དཔེར་ན། གྲང་རེག་དང་འགལ་བའི་མེ་སྟོབས་ཆེན་པོ་དམིགས་པའི་རྟགས་ཀྱིས། གཞི་དེར་གྲང་རེག་མེད་པར་སྒྲུབ་པ་དང༌། གྲང་རེག་དང་འགལ་བའི་མེའི་འབྲས་བུ་དུ་བ་དྲག་འཕྱུར་བ་དག་གྲུབ་པའི་རྟགས་ཀྱིས། གཞི་དེར་གྲང་རེག་མེད་པར་སྒྲུབ་པ་དང༌། དུ་བའི་རྒྱུ་མེ་དེ་ཡོད་ན་བལྟར་རུང་བ་སྟེ། སྣང་དུ་རུང་བའི་མེའི་བདག་ཉིད་དག་ནི་མ་གྲུབ་པའི་རྟགས་ཀྱིས། མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པ་དང༌། གཞི་འདིར་མེའི་ངོ་བོ་ཡོད་ན་སྣང་དུ་རུང་བ་ལ། མེ་ཚད་མས་མ་དམིགས་པའི་རྟགས་ཀྱིས། གཞི་དེར་མེ་མེད་པར་སྒྲུབ་པ་ལྟ་བུའི་མེད་པའི་དོན་ཅན་མི་དམིགས་པའི་གཏན་ཚིགས་རྣམ་པ་བཞིའོ། །རྣམ་བཤད་ལས། ཁྱབ་བྱེད་སྣང་རུང་ཡིན་ན། ཁྱབ་བྱེད་མ་དམིགས་པའི་རྟགས་འཇུག་དུས་དང༌། ཁྱབ་མཉམ་སྣང་དུ་རུང་ན་བཤད་པ་ལྟར་རང་བཞིན་མ་དམིགས་པ་འཇུག་པའོ། །རྒྱུ་སྣང་རུང་ཡིན་ན། རྒྱུ་མ་དམིགས་པ་འཇུག་དུས་དང༌། འབྲས་བུ་སྣང་དུ་རུང་ན། འབྲས་བུ་ཡིན་ཙམ་བཀག་པས་འགོག་མི་ནུས་པས་དངོས་འབྲས་མ་དམིགས་པའི་རྟགས་འཇུག་དགོས་སོ། །དེ་ལྟར་ན། འབྲེལ་ཟླ་མ་དམིགས་པའི་རྟགས་བཞིར་ངེས་ཤིང༌། དེ་ལས་གཞན་གང་དུ་ཡང་མ་བཤད་དོ། ཅེས་སོ། འོན་ཀྱང་འདི་དག་གིས་ཤུགས་བསྟན་དང་བཅས་སྣང་རུང་མི་དམིགས་པའི་གཏན་ཚིགས་བཅུ་གཅིག་སོགས་མཁས་པ་འགའ་ཞིག་གིས་གསུངས་ཏེ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འབྲེལ་ཟླ་མ་དམིགས་པའི་བཞི་དང༌། འགལ་ཟླ་དམིགས་པ་དྲུག་དང་ཕན་ཚུན་སྤང་འགལ་ལ་བརྟེན་པ་གཅིག་སྟེ་བཅུ་གཅིག་ཡོད་པའི་ཕྱིར། དང་པོ་ལ་རང་བཞིན་མི་དམིགས་པ་དང༌། ཁྱབ་བྱེད་མི་དམིགས་པ་དང༌། རྒྱུ་མི་དམིགས་པ་དང༌། དངོས་འབྲས་མི་དམིགས་པདང་བཞི་ཡོད་པ་ལས་དང་པོ་ནི། དུ་བས་དཔེན་པའི་ར་བ་ན་ཆོས་ཅན། དུ་བ་མེད་དེ། དུ་བ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། དུ་བ་ཚད་མས་དམིགས་པ་ནི། དུ་བ་ཡོད་པའི་རང་བཞིན་ཡིན་ལ། དུ་བ་མ་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ནི། ཤིང་གིས་དབེན་པའི་བྲག་ལྗོང་ན་ཆོས་ཅན། ཤིང་ཤ་བ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། ཤིང་ནི་ཤིང་ཤ་བའི་ཁྱབ་བྱེད་ཡིན་ལ། དེ་མ་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་ནི། མཚན་མོའི་རྒྱ་མཚོར་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། མེ་ནི་དུ་བའི་རྒྱུ་ཡིན་ལ། དེ་མ་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར། བཞི་བ་ནི། མེ་སྟོབས་ཆེན་པོས་ཁྱད་པར་ནོན་པའི་གཞིར་ཆོས་ཅན། གྲང་རེག་གི་རྒྱུའི་ནུས་པ་ཐོགས་མེད་མེད་དེ། གྲང་རེག་མེད་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། གྲང་རྒྱུའི་ནུས་པ་ཐོགས་མེད་ཀྱི་དངོས་འབྲས་གྲང་རེག་ཡིན་ལ། དེ་མ་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པ་དྲུག་ལས། དང་པོ་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ་ནི། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་རེག་མེད་དེ། མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། གྲང་རེག་གི་རང་བཞིན་དང་འགལ་བ་ནི་མེ་ཡིན་ལ། དེ་སྟོབས་ཆེན་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ནི། དུ་བ་དྲག་འཕྱུར་བས་ཁྱད་པར་ནོན་པའི་གཞིར་ཆོས་ཅན། གྲང་རེག་མེད་དེ། དུ་བ་དྲག་འཕྱུར་བ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། གྲང་རེག་དང་འགལ་བ་མེ་ཡིན་ལ། མེའི་འབྲས་བུ་དུ་བ་དྲག་འཕྱུར་བ་རྟགས་སུ་བཀོད་པས་འགལ་བའི་འབྲས་བུ་དམིགས་པ་ཞེས་བརྗོད་པའི་ཕྱིར། གསུམ་པ་འབྲས་བུ་དང་འགལ་བ་དམིགས་པ་ནི། མེ་སྟོབས་ཆེན་པོས་ཁྱད་པར་ནོན་པའི་གཞིར་ཆོས་ཅན། གྲང་རྒྱུའི་ནུས་པ་ཐོགས་མེད་མེད་དེ། མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། གྲང་རྒྱུའི་ནུས་པ་ཐོགས་མེད་ཀྱི་དངོས་འབྲས་གྲང་རེག་དང་འགལ་བ་མེ་སྟོབས་ཆེན་པོ་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར། བཞི་བ་ནི། མེ་སྟོབས་ཆེན་པོས་ཁྱད་པར་ནོན་པའི་གཞིར་ཆོས་ཅན། བ་མོའི་རེག་པ་མེད་དེ། མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། བ་མོའི་རེག་པའི་ཁྱབ་བྱེད་གྲང་རེག་དང་འགལ་བའི་མེ་སྟོབས་ཆེན་པོ་དམིགས་པ་རྟགས་སུ་བཀོད་པས་ཁྱབ་བྱེད་དང་འགལ་བ་དམིགས་པ་ཞེས་བརྗོད་པའི་ཕྱིར། ལྔ་བ་རྒྱུ་དང་འགལ་བ་དམིགས་པ་ནི། མེ་སྟོབས་ཆེན་པོས་ཁྱད་པར་ནོན་པའི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། མེ་སྟོབས་ཆེན་པོ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། གྲང་འབྲས་སྤུ་ལོང་བྱེད་ཀྱི་རྒྱུ་གྲང་རེག་དང་འགལ་བའི་མེ་སྟོབས་ཆེན་པོ་དམིགས་པ་རྟགས་སུ་བཀོད་པས་དེ་ལྟར་བརྗོད་པའི་ཕྱིར། དྲུག་པ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ནི། དུ་བ་དྲག་འཕྱུར་བས་ཁྱད་པར་ནོན་པའི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། དུ་བ་དྲག་འཕྱུར་བ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། གྲང་འབྲས་སྤུ་ལོང་བྱེད་ཀྱི་རྒྱུ་གྲང་རེག་དང་འགལ་བའི་མེའི་འབྲས་བུ་དུ་བ་དྲག་འཕྱུར་བ་དམིགས་པ་རྟགས་སུ་བཀོད་པས་ན། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ཞེས་བརྗོད་པའི་ཕྱིར། ཕན་ཚུན་སྤང་འགལ་ལ་བརྟེན་པ་ལ། ངེས་པས་ལྟོས་པ་འགོག་པ་དང༌། ལྟོས་པས་ངེས་པ་འགོག་པ་གཉིས་ལས། དང་པོ་ནི། བུམ་པ་ཆོས་ཅན། འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་དེ། གྲུབ་ཙམ་ཉིད་ནས་འཇིག་པའི་ཆོས་ཅན་དུ་ངེས་པའི་ཕྱིར། ཞེས་པ་དང༌། གཉིས་པ་ནི། གོས་ཆོས་ཅན། གྲུབ་ཙམ་ཉིད་ནས་ཚོན་ཅན་དུ་མེད་དེ། ཚོན་ཅན་དུ་འགྱུར་པ་ཕྱིས་འཕྱུང་གི་རྒྱུ་དོན་གཞན་ལ་ལྟོས་པའི་ཕྱིར། ཞེས་པ་ལྟ་བུའོ། གཞན་ཡང༌། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པ་བཅུ་གཉིས་གསུངས་ཏེ། འགལ་བའི་རང་བཞིན་དམིགས་པ་བཞི་ནི། མེ་སྟོབས་ཆེན་པོས་ཁྱད་པར་ནོན་པའི་ཤར་གྱི་གཞིར། གྲང་རེག་དང༌། གྲང་འབྲས་སྤུ་ལོང་བྱེད་དང༌། གྲང་རྒྱུའི་ནུས་པ་ཐོགས་མེད་དང༌། བ་མོའི་རེག་པ་བཞི་རིམ་པ་བཞིན་མེད་པར་སྒྲུབ་པ་ལ། མེ་སྟོབས་ཆེན་པོ་དམིགས་པ་རྟགས་སུ་བཀོད་པ་ལྟ་བུ། འགལ་བའི་འབྲས་བུ་དམིགས་པ་བཞི་ནི། དུ་བ་དྲག་འཕྱུར་བས་ཁྱད་པར་ནོན་པའི་ཤར་གྱི་གཞིར། གྲང་རེགས་སོགས་བཞི་མེད་པར་སྒྲུབ་པ་ལ། དུ་བ་དྲུག་འཕྱུར་བ་མིགས་པ་རྟགས་སུ་བཀོད་པ་ལྟ་བུ། འགལ་བའི་ཁྱབ་བྱ་དམིགས་པ་བཞི་ནི། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱད་པར་ནོན་པའི་ཤར་གྱི་གཞིར། གྲང་རེག་སོགས་བཞི་རིམ་པ་བཞིན་མེད་པར་སྒྲུབ་པ་ལ། ཙན་དན་གྱི་མེ་སྟོབས་ཆེན་པོ་དམིགས་པ་རྟགས་སུ་བཀོད་པ་ལྟ་བུའོ། ཁ་ཆེའི་སློབ་དཔོན་ཛྙཱ་ན་ཤྲིས། མེ་དང༌། ཙན་དན་གྱི་མེ་དང༌། དུ་བ་དང༌། མེའི་དང་སོ་རྒྱུ་ནུས་པ་ཐོགས་མེད་ཀྱིས་ཁྱད་པར་ནོན་པའི་གཞིར། གྲང་རེག་དང༌། བ་མོའི་རིག་པ་དང༌། གྲང་འབྲས་སྦུ་ལོང་བྱེད་དང༌། གྲང་རེག་གི་དངོས་རྒྱུ་ནུས་པ་ཐོགས་མེད་རྒྱུན་ཆགས་སུ་གནས་བ་མེད་པར་སྒྲུབ་པ་ལ། མེ་དང༌། ཙན་དན་གྱི་མེ་དང༌། དུ་བ་དང༌། མེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱིས་ཁྱད་པར་ནོན་པ་རྟགས་སུ་བཀོད་པ། ཚ་རེག་སྐོར་བཞིས། གྲང་རེག་སྐོར་བཞི་བཀག་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་སྦྱོར་བ་བཅུ་དྲུག་ཡོད་གསུངས། དེ་ལ་ས་སྐྱ་པཎྜི་ཏའི་རིགས་གཏེར་ལས། ཚ་རེག་སྐོར་བཞི་གྲང་རེགས་བཞིས། །བཀག་པའི་སྦྱོར་བ་བཅུ་དྲུག་ཟེར། །གཞུང་ལས་རྣམ་བཞག་མང་བཤད་ཀྱང༌། འགོག་ནུས་སྔ་མ་བཅུ་གཉིས་ཡིན། །ཞེས་གསུངས། དེ་ལ་རྒྱལ་ཚབ་རིན་པོ་ཆེས། ལུགས་དང་པོ་འགལ་བའི་རྒྱུ་དམིགས་པའི་རྟགས་བཞིའི་གྲངས་ངེས་བྱེད་པ་མི་འཐད་དེ། མེའི་དངོས་རྒྱུ་ནུས་བ་ཐོགས་མེད་ཀྱིས་ཁྱབ་པར་ནོན་པའི་གཞིར་མེ་སྣང་དུ་མི་རུང་ན། མེའི་དངོས་རྒྱུ་ནུས་བ་ཐོགས་མེད་ཀྱང་སྣང་དུ་མི་རུང༌། གཞི་དེར་མེ་སྣང་དུ་རུང་ན་རྟགས་བཀོད་པའི་ཚེ། རང་བཞིན་འགལ་དམིགས་ཀྱི་རྟགས་བཀོད་དགོས་ཀྱི། འགལ་བའི་རྒྱུ་དམིགས་པའི་རྟགས་འགོད་མི་རིགས་པའི་ཕྱིར། ཞེས་སོ།།

ཡིད་ཆེས་ཀྱི་རྟགས་ཡང་དག་བཤད་པ།

ཡིད་ཆེས་ཀྱི་རྟགས་ཡང་དག་ནི། སློབ་དཔོན་ཕྱོགས་གླང་གིས། ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་རྗེས་སུ་དཔོག་པ་ཉིད། །ཅེས་བདེན་བཞིའི་བླང་དོར་སྟོན་པ་ལྟ་བུའི་གསུང་རབ་སྤྱི་རང་གི་བསྟན་བྱའི་དོན་ལ་མི་སླུ་པས། ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་ཚིག་དེ་ཡང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་དཔོག་ནུས་པར་གསུངས་སོ། །ལུང་ཚད་མ་དེ་ཡང་ཚིག་ལྔ་ཕྱིའི་འབྲེལ་ཆགས་པ་དང༌། མངོན་མཐོ་ངེས་ལེགས་ཅི་རིགས་འཐོབ་པ་དང་རྗེས་སུ་མཐུན་པའི་ཐབས་སྟོན་པ་དང༌། ཐར་འདོད་ཀྱི་སྐྱེས་བུས་འདོད་པའི་དོན་སྟོན་པ་སོགས་ཡོངས་སུ་བརྟགས་ཤིང་དཔྱད་པས་སྐྱོན་མེད་པ་དག་གི་དབང་དུ་བྱས་པ་ཡིན་གྱི། དེ་ལས་གཞན་ཚིག་མ་འབྲེལ་པ་དང༌། ཐབས་མེད་པ་དང༌། དགོས་པ་མེད་པ་སོགས་བསྟན་བཅོས་གང་ཡིན་གྱི་དབང་དུ་བྱས་བ་མིན་ནོ་ཞེས་འཆད་པར་འདི་ཉིད་ལས། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་བརྗོད་བྱེད་ངག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན། །ཞེས་གསུངས། དེ་ཡང་དཔེར་ན། འབྲེལ་བ་མེད་པ། སེའུ་བཅུའི་ངག་དང༌། ཐབས་མེད་པ། ཀླུ་རྒྱལ་པོ་འཇོག་པོའི་གཙུག་རྒྱན་བླངས་ནས་རྒྱན་དུ་བྱས་ན་དུག་ཞི་བར་བྱེད་ནུས་པར་སྟོན་པ་ལྟ་བུ་དང༌། དགོས་པ་མེད་པ་བྱ་རོག་ལ་སོ་ཡོད་མེད་རྟོག་པའི་བསྟན་བཅོས་ལྟ་བུ་ལུང་ཚད་མར་མི་རུང་ངོ༌། །སེའུ་བཅུའི་ངག་ནི། སློ་དཔོན་ཞི་བ་འཚོས། སེའུ་བཅུ་གང་བ་དྲུག་སྣོད་དང༌། རི་དྭགས་ཝགས་པ་རྩ་གོང་བུ། །དེ་ནས་རྔོན་པའི་བུ་མོ་འདི། །སྦ་ཡ་ཀྲ་ཏའི་བ་ཤིའོ། །ཞེས་རྩོད་རིགས་ཀྱི་འགྲེལ་པར་དྲངས་པ་ལྟར་ལ། རང་འགྲེལ་ལས། སེའུ་བཅུ་ཞེས་བྱ་བ་ལ་སོགས་པའི་ངག་དང་འདྲ་བར་བསྡུར་མེད་པ་ཁོ་ན་ཡིན་ནོ། །ཞེས་པ་ལྟར་རོ། །མཐོང་བ་མངོན་གྱུར་རྟོགས་པའི་མངོན་སུམ་ཚད་མ་དང༌། ཅུང་ཟད་ལྐོག་གྱུར་རྟོགས་པའི་དངོས་སྟོབས་རྗེས་དཔག་དང༌། མ་མཐོང་བ་ཤིན་ཏུ་ལྐོག་གྱུར་རྟོགས་པའི་ཡིད་ཆེས་རྗེས་དཔག་སྟེ། ཚད་མ་གསུམ་གྱིས་གནོད་པ་མེད་པ་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པ་ལྟ་བུའི་ཁྱད་པར་གསུམ་ལྡན་གྱི་ལུང་རྣམས། རང་གི་བསྟན་བྱའི་དོན་ལ་མི་སླུ་པར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་གོ་ །ཞེས་འཆད་པར། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང༌། །རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ནི་མི་སླུ་བའོ། །ཞེས་གསུངས། གོ་ཐོབ་བྱས་ན། རང་གི་བསྟན་བྱའི་གཙོ་བོ་དེ་ཇི་ལྟར་བསྟན་པ་ལྟར་མངོན་སུམ་དང༌། དངོས་སྟོབས་རྗེས་དཔག་དང༌། ཡིད་ཆེས་རྗེས་དཔག་དང༌། གྲགས་བའི་རྗེས་དཔག་གིས་གནོད་པ་མེད་པའི་ལུང་དེ། དཔྱད་པ་གསུམ་གྱི་དག་པའི་ལུང་གི་མཚན་ཉིད། མཚན་གཞི་ནི། མདོ་ལས། ཀུན་དགའ་པོ། དེ་ལ་དུད་འགྲོར་སོང་པའི་སྲོག་ཆགས་དག་ལ་སྤྱིན་པ་སྤྱིན་པར་བྱེད་ན་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་བའི་གང་ཟག་ལ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་སྟོང་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་དང་ལྡན་པའི་གང་ཟག་ལ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་འབུམ་འགྱུར་དུ་རེ་བར་བྱའོ། །ཞེས་སོགས་དང༌། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་སོགས་དང༌། མཛོད་ལས་ནད་པ་དང་ནི་ཕ་མ་དང༌། སྐྱེ་ཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་དབྱེ་ན་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་ཡོད་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་ཆོས་ཅན། རང་གི་བརྗོད་བྱ་རྟོགས་པའི་བློ་སྔོན་དུ་སོང་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་འབྲས་རྟགས་ཡང་དག་དང༌། ལུང་དེ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ཡིན་དེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་རང་བཞིན་གྱི་རྟགས་ཡང་དག་དང༌། དེ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་སླུ་བ་མེད་དེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གཞལ་བྱའི་གསུམ་པ་ཤིན་ཏུ་ལྐོག་གྱུར་དག་ལ། ཚུར་མཐོང་གིས་དངོས་སྟོབས་ཀྱི་དཔྱད་པ་མི་འཇུག་པས། ལུང་ཉིད་ཚད་མར་བྱེད་དགོས་ཞེས་འཆད་པར། རབ་ཏུ་གྲགས་པའི་དོན་དག་ལ། བསྟན་བཅོས་གནས་དོར་ནའང་ཉེས་པ་མེད། །ལྐོག་གྱུར་དག་ལ་བསྟན་བཅོས་ནི། །མི་འདོད་དཔྱད་པ་ཉིད་མི་འཇུག །ཅེས་གསུངས། འོ་ན་བསྟན་བཅོས་སུ་གྲགས་པ་ཐམས་ཅད་ལུང་ཚད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འཇིག་རྟེན་གྱི་བསྟན་བཅོས་དག་ལ་བརྟག་ན། ཕལ་ཆེར་གྱིས་རང་ཚིག་ནང་འགལ་དང༌། ཐབས་ཐབས་བྱུང་མ་འབྲེལ་བ་སོགས་བཤད་པའི་ཕྱིར། དཔེར་ན། ཆགས་སོགས་ཆོས་མིན་སྡིག་པའི་རྩ་བར་ཁས་བླང་ནས། ཁྲུས་ཀྱིས་ཆོས་མིན་གྱི་སྡིག་པ་དག་པར་བཤད་པ་ལྟ་བུའོ། །ཞེས་འཆད་པར། འདི་ལ་བརྟགས་པ་ཕལ་ཆེར་ནི། །འགལ་བ་བརྗོད་པ་འདི་ལྟ་སྟེ། །ཆགས་སོགས་ཆོས་མིན་རྩ་བ་དང༌། ཁྲུས་གྱིས་ཆོས་མིན་དག་འགྱུར་རོ།། ཞེས་གསུངས། དེ་ལྟར་ན། ལུང་ཚད་མ་ནི་ཇི་ལྟ་བུ་ཞེ་ན། ལུང་གི་བསྟན་བྱ་མཐོང་བ་མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་དག་ནི། རིམ་པ་བཞིན་མངོན་སུམ་དང་དངོས་སྟོབས་ཀྱིས་གྲུབ་ཅིང༌། མ་མཐོང་བ་ཤིན་ཏུ་ལྐོག་གྱུར་བསྟན་པ་ལ་རང་ཚིག་སྔ་ཕྱི་འགལ་བ་མེད་པ་དང༌། བརྗོད་དོན་སྔ་ཕྱི་འབྲེལ་ཆགས་པའི་ཁྱད་པར་གསུམ་ལྡན་གྱི་ལུང་གང་ཡིན་པ་དེ་ནི། །དཔྱད་བ་གསུམ་གྱིས་དག་པའི་ལུང་རྣམ་དག་ཏུ་གཟུང་བར་བྱའོ། །ཞེས་འཆད་པར། མཐོང་དང་མ་མཐོང་བ་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་དེ། །གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར། །ཞེས་གསུངས། དེ་ལྟར་གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱོད་པ་རྣམ་པར་དག་ནས། གནས་གསུམ་པ་ལ་དཔྱོད་པ་དེ་ཡི་ཚེ་བསྟན་བཅོས་ཉིད་ཚད་མར་གཟུང་བར་བྱའོ། །ཞེས་འཆད་པར༌། དེ་ལྟར་ཡུལ་གཉིས་རྣམ་དག་ན། །དེ་ནི་བསྟན་བཅོས་ཡོངས་འཛིན་ཡིན། །ཞེས་དང༌། གནས་གསུམ་པར་ནི་འཕོ་བ་ནི༌། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་གསུངས། འོ་ན་བསྟན་བཅོས་ཀྱི་བརྗོད་བྱ་གང་ཞིག་རྟོགས་པ་ལའང་ལུང་ཤེས་བྱེད་དུ་དགོས་སམ་ཞེ་ན། མི་དགོས་ཏེ། འདི་ཉིད་ལས། དཔྱོད་པ་ཀུན་ལ་བསྟན་བཅོས་དག །གཟུང་ཞེས་ལུགས་འདི་གང་གིས་བྱས། །དེ་ནི་གྲུབ་མཐའ་མེད་རྣམས་ཀྱིས། །དུ་པས་མི་ནི་རྟོགས་མི་འགྱུར། །ཞེས་གསུངས་པའི་ཕྱིར།

༈ གཞན་དོན་རྗེས་དཔག་སྒྲུབ་ངག་ནི། རིགས་སྒོ་ལས། གང་ལ་ཆོས་མཐུན་པ་ནི། གང་ལ་རྟགས་མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་སྟོན་པར་བྱེད་པ་སྟེ། གང་བྱས་པ་དེ་མི་རྟག་པར་མཐོང་སྟེ། དཔེར་ན། བུམ་པ་ལ་སོགས་པ་བཞིན་ཞེས་པའོ། །ཆོས་མི་མཐུན་པ་ཡང༌། གང་ལ་བསྒྲུབ་པར་བྱ་བ་མེད་པ་ལ་རྟགས་མེད་པ་ཉིད་དུ་སྟོན་པ་སྟེ། གང་རྟག་པ་དེ་བྱས་པ་མིན་པར་མཐོང་སྟེ། དཔེར་ན། ནམ་མཁའ་བཞིན་ཞེས་པའོ། ཞེས་གསུངས་པ་ལྟར། །ཁྱད་པར་བཞི་ལྡན་གྱི་རྟགས་ཚིག་རྣམ་དག་དེ། སྒྲུབ་ངག་ཡང་དག་གི་དོན་དང༌། རྒྱུའི་ཁྱད་པར་རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔོན་དུ་སོང་བ་དང༌། བརྗོད་བྱའི་ཁྱད་པར་རང་གི་བསྟན་བྱར་གྱུར་བའི་ཚུལ་གསུམ་ལྷག་ཆད་མེད་པར་བརྗོད་པ་དང༌། ངོ་བོའི་ཁྱད་པར་སྒྲ་བློ་དོན་གསུམ་གྱི་སྐྱོན་དང་བྲལ་བ་དང༌། བྱེད་ལས་ཀྱི་ཁྱད་པར་རང་འབྲས་རྟགས་འཛིན་སེམས་དང་རྟགས་ཅན་རྗེས་དཔག་སྐྱེད་པར་བྱེད་པ་ཞིག་དགོས་པར་མཁས་པ་དག་གིས་བཤད་དོ། །དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་གང་ཞིག །དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་རྗེས་ཁྱབ་དངོས་སུ་བརྗོད་ནས། ལྡོག་ཁྱབ་ཤུགས་ལ་བརྗོད་པའི་སྒྲུབ་ངག་དེ། དེ་སྒྲུབ་ཀྱི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད། མཚན་གཞི་ནི། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ། དེ་སྒྲབ་ཀྱི་སྒྲུབ་ངག་ཡང་དག་གང་ཞིག། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་ལྡོག་ཁྱམ་དངོས་སུ་བརྗོད་ནས་རྗེས་ཁྱབ་ཤུགས་ལ་བརྗོད་པའི་སྒྲུབ་ངག་དེ། དེ་སྒྲུབ་ཀྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་མཚན་ཉིད། མཚན་གཞི་ནི། གང་རྟག་ནམ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་སོ་ཞེས་པ་ལྟ་བུའོ། འོ་ན་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་དང༌། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གཉིས་ལ་ཁྱད་པར་མེད་པར་ཐལ། དེ་གཉིས་ཀས་ཀྱང་ཕྱི་རྒོལ་གྱི་ངོར་མི་འདོད་འཕེན་ཞིང་འདོད་པ་འགོག་པ་འདྲ་བའི་ཕྱིར་ཟེར་ན། མ་ཁྱབ་སྟེ། རྣམ་བཤད་ལས། གཉིས་ཀས་འབྲེལ་བ་སྟོན་པར་ཁྱད་པར་མེད་ཀྱང༌། རང་རྒྱུད་ཀྱི་རྟགས་དང༌། ཐལ་འགྱུར་གྱི་རྟགས་བློ་ཡུལ་དུ་སོང་བའི་དངོས་ཀྱི་འབྲས་བུ་མི་འདྲ་སྟེ། ཐལ་འགྱུར་ལ་ནི་རྟག་ན་མ་བྱས་པའི་ཁྱབ་པ་ངེས། སྒྲ་ནི་རྟག་པའི་ཕྱིར་མ་བྱས་པར་ཐལ་བ་འཕངས་པ་ན། སྔར་མི་འདོད་པའི་དོན། སྒྲ་མ་བྱས་པར་འདོད་དགོས་པར་འདུག་སྙམ་པ་ནི་མི་འདོད་པ་འཕེན་པ་ཡིན་ལ། དེ་ནི་ཁྱབ་པ་ངེས་ཤིང་ཐལ་འགྱུར་གྱི་རྟགས་རྟག་པ་བློ་ཡུལ་དུ་སོང་བའི་དངོས་ཀྱི་འབྲས་བུ་ཡིན་ལ། ཆོས་མི་མཐུན་པའི་སྒྲུབ་ངག་ལ་ནི་སྒྲ་ནི་བྱས་ཞེས་པའི་རང་རྒྱུད་ཀྱི་རྟགས་ཚད་མའི་ཡུལ་དུ་སོང་ཞིང༌། ཁྱབ་པ་ངེས་པའི་དངོས་ཀྱི་འབྲས་བུ་ལ་བསྒྲུབ་བྱ་ངེས་པར་བྱེད་པ་ཡིན་ནོ། །དེས་ན་སུན་འབྱིན་གྱིས་ནི། མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་ལོག་ནས་བློ་ཐེ་ཚོམ་ཅན་དུ་བྱེད་པ་ཡིན་ལ། སྒྲུབ་ངག་ལ་བརྟེན་ནས་མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་གཅོད་པར་བྱེད་དོ། །ཅེས་གསུངས་པའི་ཕྱིར། སྒྲུབ་ངག་ཡང་དག་དེ་གཉིས་ཀ་འགོད་པ་སྐབས་སུ་བབས་པའི་ཕྱི་རྒོལ་ཡང་དག་གཅིག་གི་ཡིན་པ་ཡོད་དམ་མེད་ཅེས་ན། མེད་དེ། རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་པོ་གང་རུང་ཞིག་དངོས་སུ་རྟོགས་ན་ཅིག་ཤོས་ཤུགས་ལ་རྟོགས་པ་ཁྱབ་པའི་ཕྱིར། རྣམ་འགྲེལ་ལས། དེ་ཉིད་ཇི་ལྟར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །དོན་གྱིས་གོ་བས་གཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས་པས་སོ། །དེས་ན་སྒྲུབ་ངག་ཡང་དག་དང༌། སྦྱོར་བ་ཡང་དག་གཉིས་ཀས་ཚུལ་གསུམ་བརྗོད་པ་འདྲ་ཡང་བཀོད་པའི་དངོས་ཀྱི་འབྲས་བུ་མི་འདྲ་སྟེ། རྣམ་བཤད་ལས། རང་དོན་ལེའུ་བསྟན་བྱའི་གཙོ་བོ་ཚུལ་གསུམ་པའི་རྟགས་ཡིན་ལ། དེ་བློ་ཡུལ་དུ་སོང་བའི་དངོས་ཀྱི་འབྲས་བུ་རྟགས་ཅན་བསྒྲུབ་བྱ་གོ་བར་བྱེད་པ་ཡིན་ལ། གཞན་དོན་ལེའུ་གཏན་ལ་དབབ་བྱའི་གཙོ་བོ་སྒྲུབ་ངག་ཡིན་ལ། དེ་བློ་ཡུལ་དུ་སོང་བའི་དངོས་ཀྱི་འབྲས་བུ་ནི་ཚུལ་གསུམ་ལ་གོ་བ་བསྐྱེད་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་སྒྲུབ་ངག་གིས་བསྒྲུབ་བྱ་དངོས་སུ་མི་བརྗོད་དེ། ཚད་མ་མདོར། གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་དང༌། རྣམ་བཤད་ལས། དེ་ལ་རང་གིས་མཐོང་བ་དང༌། དོན་དང༌། གསལ་བྱེད་གསུམ་གྱིས་རིམ་པ་བཞིན་དུ། ཕྱིར་རྒོལ་གྱི་ཁས་བླངས་ཙམ་གྱིས་རྟགས་ཀྱི་ཚུལ་གྲུབ་པར་འདོད་པ་དང༌། ཚུལ་གསུམ་ཚད་མའི་ཡུལ་དུ་མི་གནས་པར་འདོད་པ་དང༌། ལུང་ཙམ་གྱིས་བཞག་པ་རྟགས་སུ་སྨྲ་བ་དང༌། ངག་ལྷག་ཆད་ཅན་དུ་བརྗོད་པ་རྣམས་སེལ་བ་ཡིན་ནོ། །དེ་ལ་ངག་ལྷག་ཆད་ཅན་ནི། སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་སྒྲ་ནི་མི་རྟག་ཅེས་པ་བཞིན་ཏེ། བསྒྲུབ་བྱ་དངོས་སུ་བརྗོད་པ་དོན་མེད་དེ། དེ་ཉིད་སྒྲུབ་པའི་ཕྱིར་དུ་སྒྲུབ་བྱེད་ཀྱི་ངག་བཀོད་པ་ཡིན་པས། སྒྲ་མི་རྟག་སྟེ་མི་རྟག་པའི་ཕྱིར། ཅེས་པར་འགྱུར་བས་སོ། །དཔེ་བརྗོད་ཀྱང་ཁྱབ་པ་མ་བསྟན་པས་ཁྱབ་པ་མ་ཚང་ལ། ཉེར་གཏོད་ཕྱོགས་ཆོས་བརྗོད་པ་དང་ཟློས་ཤིང༌། ཞེས་སྒྲུབ་ངག་ཡན་ལག་ལྔ་ལྡན་ཅན་ལ་ལྷག་ཆད་ཀྱིས་སྐྱོན་བརྗོད་པའི་ཕྱིར། ཚུལ་གསུམ་ལ་གོ་བ་བསྐྱེད་པ་ནི། དེ་སྒྲུབ་ཀྱི་རྟགས་འཛིན་སེམས་ཚུལ་གསུམ་དུས་གཅིག་ཏུ་དྲན་བའི་ཤེས་པ་དངོས་སུ་བསྐྱེད་པའི་དོན་ཡིན་ལ། རྟགས་འཛིན་སེམས་དེས་ཀྱང་རྟགས་ཅན་རྗེས་དཔག་བསྐྱེད་པའི་ཕྱིར། ཚད་མ་མདོ་ལས། རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། ཞེས་གསུངས་པའི་ཕྱིར།

༈ འདིར་སྨྲས་པ། དྲི་མེད་ལུང་དང་རིགས་པ་ཡི། །ལེགས་བཤད་འོད་ཀྱི་ཐིག་ལེ་གང༌། །རབ་ཡངས་བློ་གྲོས་དབང་ཕྱོགས་ལས། །བློ་གསར་པདྨའི་ཚལ་དུ་ཤར། །ཡང་དག་མིན་དང་ཡང་དག་ཚུལ། །གསལ་བར་ཀུན་མཐོང་མེ་ལོང་སྟེ། །གཏན་ཚིགས་རིག་པའི་གྲོང་ཁྱེར་དུ། །འཇུག་པའི་སྒོ་ཆེན་དང་པོ་ཡིན། །དངོས་བསྟན་གཏན་ཚིགས་རིག་པའི་དོན། །གཅེས་གཅེས་བསྡུས་པས་ཚད་མའི་སྡོམ། །ཤུགས་བསྟན་རིག་པའི་རྣམ་འགྱུར་ནི། །མི་ཟད་འཇོ་བས་རིག་པའི་གཏེར། །ཕྱོགས་ཀྱི་རང་དང་སྐལ་བ་མཉམ་པའི་བློ་གྲོས་ཡངས་པའི་མེ་ལོང་དུ། །གཏན་ཚིགས་རིག་པའི་བཀྲ་ཤིས་རི་མོ་རབ་དཀར་པིར་གྱིས་བྲིས་པ་ལས། །ལེགས་འོང་བསོད་ནམས་སྣང་བ་དམ་པ་ཟླ་བའི་འོད་ལྟར་དཀར་བ་དེས། །འཇིག་རྟེན་ཁམས་འདིར་དམ་ཆོས་སྣང་བ་མི་ནུབ་ཡུན་རིང་གནས་གྱུར་ཅིག །ཅེས་གཏན་ཚིགས་རིག་པའི་སྣང་བ་ཞེས་བྱ་བ་འདི་ནི། བཙུན་པ་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བས་སྦྱར་བའི་ཡི་གེ་བ་ནི། ལྷ་རྗེ་ཡོན་ཏན་རྒྱ་མཚོའོ།། །།

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0