ཐལ་འགྱུར་ཆེ་བའི་རྣམ་བཞག་མདོར་བསྡུས།

སྤེལ་དུས།  2021-04-10   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཀུན་མཁྱེན་འཇམ་དབྱངས་བཞད་པ།   ཀློག་གྲངས།  

༄༅། །ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་ཐལ་འགྱུར་ཆེ་བའི་རྣམ་བཞག་མདོར་བསྡུས་བཞུགས་སོ། །


མཛད་པ་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པ།

ཐལ་འགྱུར་ཆེ་བའི་རྣམ་བཞག་མདོར་བསྡུས།


དེ་ལ་འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་ཚད་མ་སྡེ་བདུན་གྱི་བརྗོད་བྱ་མ་ལུས་པ་རིགས་ལམ་གྱིས་གཏན་ལ་འབེབས་པར་བྱེད་པ་ཐལ་འགྱུར་དང་སུན་འབྱིན་གྱི་རྣམ་བཞག་གཏན་ལ་འབེབས་པ་ལ། ཐལ་འགྱུར་གྱི་མཚན་ཉིད། དབྱེ་བ། ཐལ་འགྱུར་གྱི་དགོས་པ་བཤད་པ་དང་གསུམ་ལས། དང་པོ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། བོད་ཀྱི་མཁས་པ་བློ་ལྡན་བཟང་པོ་སོགས་ན་རེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་སོ་སོའི་མཚན་ཉིད་ཡོད་ཀྱང༌། དེ་གཉིས་ལ་རྗེས་སུ་འགྲོ་བའི་ཐལ་འགྱུར་སྤྱིའི་མཚན་ཉིད་མེད་དེ། དཔེར་ན་རང་དོན་རྗེས་དཔག་དང༌། གཞན་དོན་རྗེས་དཔག་གཉིས་སོ་སོའི་མཚན་ཉིད་ཡོད་ཀྱང༌། དེ་གཉིས་ལ་རྗེས་སུ་འགྲོ་བའི་རྗེས་དཔག་སྤྱིའི་མཚན་ཉིད་མེད་པ་བཞིན་ཡིན་པའི་ཕྱིར་ཟེར་ན། འོ་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་པོ་གང་རུང་ཡིན་ན། ཐལ་འགྱུར་ཡིན་པས་མ་ཁྱབ་པར་ཐལ། རང་དོན་རྗེས་དཔག་དང་གཞན་དོན་རྗེས་དཔག་གང་རུང་ལ་རྗེས་དཔག་གི་མ་ཁྱབ་པའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱིས་དེ་དཔེར་བཀོད་པའི་ཕྱིར། རྩ་བར་འདོད་ན། ཐལ་འགྱུར་ཞིག་མེད་པར་ཐལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་པོ་དེ་ཐལ་འགྱུར་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས། གཞན་ཡང༌། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་པོ་དེ་ཐལ་འགྱུར་དུ་འཇོག་པ་དོན་ལ་ལྟོས་པར་ཐལ། དེ་དོན་ལ་ལྟོས་པ་དང་མི་ལྟོས་པ་གང་རུང་གང་ཞིག །མི་ལྟོས་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བདག་མེད་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། ཐལ་འགྱུར་ཞེས་པ་དངོས་པོ་ཐམས་ཅད་ལ་འཇུག་པར་ཐལ། དེ་འཇུག་པ་དོན་ལ་ལྟོས་པ་མ་ཡིན་པར་སྨྲ་བ་པོས་བརྗོད་འདོད་ཀྱི་སྒོས་བཞག་པ་འདོད་རྒྱལ་གྱི་བརྡ་ལྟ་བུ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཐལ་འགྱུར་སྤྱིའི་མཚན་ཉིད་ཡོད་པར་ཐལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་པོ་ཐལ་འགྱུར་དུ་འཇོག་པ་དོན་ལ་ལྟོས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། མཚན་ཉིད་ནི་མཚོན་བྱ་དེའི་ཐ་སྙད་འཇུག་པའི་གཞི་ཡིན་པས་ན། དོན་རང་ཉིད་ཚད་མས་ངེས་པ་མཚོན་བྱ་དེ་ཚད་མས་ངེས་པ་ལ་ལྟོས་མི་དགོས་པས་རྫས་ཡོད་ཅེས་བྱ་ལ། མཚོན་བྱ་ནི་མཚན་ཉིད་དེའི་སྟེང་དུ་ཐ་སྙད་འདོགས་རྒྱུ་པོ་ཡིན་པས་ཐ་སྙད་རང་ཉིད་ཚད་མས་ངེས་པ་མཚན་ཉིད་དེ་ཚད་མས་ངེས་པ་ལ་ལྟོས་དགོས་པས་ན་བཏགས་ཡོད་ཅེས་བཤད་པའི་ཕྱིར། དེར་ཐལ། དོན་དང་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་དོན་གཉིས་སོ་སོར་བཤད་རྒྱུ་ཡོད་པའི་ཕྱིར། གཞན་ཡང༌། ཡང་དག་གཉིས་པོ་དེ་ཐལ་འགྱུར་དུ་འཇོག་པ་རྣམ་པར་འཇོག་བྱེད་ཀྱི་རྒྱུ་ལ་ལྟོས་པར་ཐལ། དེ་ལྟོས་པ་དང་མི་ལྟོས་པ་གང་རུང་གང་ཞིག །མི་ལྟོས་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་གང་རུང་ཡིན་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཐལ་འགྱུར་ཡང་དག་གཉིས་པོ་དེ་ཐལ་འགྱུར་དུ་འཇོག་བྱེད་ཀྱི་རྒྱུ་ཡོད་པར་ཐལ། དེ་གཉིས་ཐལ་འགྱུར་དུ་འཇོག་པ་རྣམ་པར་འཇོག་བྱེད་ཀྱི་རྒྱུ་ལ་ལྟོས་པའི་ཕྱིར། འདོད་ན། དེ་གཉིས་ཐལ་འགྱུར་དུ་རྣམ་པར་འཇོག་བྱེད་ཀྱི་རྒྱུ་དེས་ཐལ་འགྱུར་ཡང་དག་དེ་གཉིས་ལ་ཁྱབ་པར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། དེ་ཐལ་འགྱུར་དུ་རྣམ་པར་འཇོག་བྱེད་ཀྱི་རྒྱུ་དེའི་རྣམ་པར་བཞག་བྱ་ཐལ་འགྱུར་དེས་ཀྱང་དེ་གཉིས་ལ་ཁྱབ་པར་ཐལ། ཐལ་འགྱུར་དེ་རྣམ་པར་འཇོག་བྱེད་ཀྱི་རྒྱུ་དེས་དེ་གཉིས་ལ་ཁྱབ་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། ཐལ་འགྱུར་གྱི་མཚན་ཉིད་ཡོད་པར་ཐལ། དེ་རྣམ་པར་འཇོག་བྱེད་ཀྱི་རྒྱུ་ཡོད་པའི་ཕྱིར། ཡང་ཁ་ཅིག །ཐལ་འགྱུར་དང་སུན་འབྱིན་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཟེར་ན། འོ་ན་སུན་འབྱིན་ཡིན་ན། ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སུན་འབྱིན་ལ་རང་རྒྱུད་ཀྱི་དབང་དུ་བྱས་པ་གཅིག་དང༌། ཐལ་འགྱུར་གྱི་དབང་དུ་བྱས་པ་གཅིག་དང༌། ཕྱི་རྒོལ་གྱིས་འདོད་རྟགས་ཁྱབ་པ་མ་གྲུབ་སོགས་ཀྱིས་སྔ་རྒོལ་ཀྱི་སྒྲུབ་བྱེད་སུན་བྱུང་བ་གཅིག་དང་གསུམ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་དང་པོ་གཉིས་ཀྱང་ཡོད། ཕྱི་མ་ཡོད་པའི་ཕྱིར། རང་གི་འདོད་པ་བསྒྲུབ་པའི་དབང་དུ་བྱས་ནས་རང་རྒྱུད་དང༌། རང་གི་འདོད་པ་མི་སྒྲུབ་ཀྱང༌། གཞན་གྱི་འདོད་པ་སུན་འབྱིན་པའི་དབང་དུ་བྱས་ནས་ཐལ་འགྱུར་བཞག་པའི་ཕྱིར། ཞེས་འཆད་པར། རྟོག་གེ་སྐད་ལས། ཐལ་འགྱུར་ཞེས་པ་འདིས་སྒྲུབ་པར་མི་བྱེད་ན། ཅིའི་ཕྱིར་བརྗོད་ཅེས། ཞེས་པ་ནས། རྒོལ་བས་སྒྲུབ་པར་བྱེད་པ་ན། ཕྱི་རྒོལ་བས་སུན་འབྱིན་པ་བརྗོད་རིགས་པ་ཡིན་ཏེ་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལས། མ་ཚང་སོགས་བརྗོད་སུན་འབྱིན་ཡིན། །ཞེས་གསུངས་པའི་ཕྱིར། མི་ཤེས་པ་ཁ་ཅིག་ན་རེ། ཐལ་འགྱུར་ལ་བརྗོད་བྱ་དོན་དང༌། རྗོད་བྱེད་ཀྱི་ཚིག་དང༌། བརྗོད་བྱའི་དོན་ཤེས་པའི་ཤེས་པ་དང་གསུམ་ཡོད་ཟེར་ན། ཐལ་འགྱུར་གྱི་དོན་དང་ཐལ་འགྱུར་དོན་ཤེས་པའི་ཤེས་པ་རྣམས་ཐལ་འགྱུར་ཡིན་པར་ཐལ། ཁྱོད་ཀྱི་ཐལ་འགྱུར་ལ་བརྗོད་བྱའི་དོན་སོགས་གསུམ་ཡོད་པ་དེའི་ཕྱིར། འདོད་ན། ཐལ་འགྱུར་གྱི་བརྗོད་བྱ་ཡིན་ན། ཐལ་འགྱུར་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞི་གྲུབ་ན་ཐལ་འགྱུར་ཡིན་དགོས་པར་ཐལ། གཞི་གྲུབ་ན་ཐལ་འགྱུར་གྱི་བརྗོད་བྱ་ཡིན་དགོས་པའི་ཕྱིར། འཁོར་གསུམ། མ་གྲུབ་ན། དེར་ཐལ། གཞི་གྲུབ་ཚད་ལ་དེ་དང་དེར་ཐལ་ཞེས་པའི་ཐལ་འགྱུར་རེ་འཇོག་ཐུབ་པའི་ཕྱིར། ཡང་བོད་གངས་ཅན་གྱི་རིགས་པའི་དབང་ཕྱུག་ཆ་པ་རིན་པོ་ཆེའི་གསུང་ལས། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་པའི་སྒོས་ཕ་རོལ་པོ་ལ་མི་འདོད་པའི་ཐལ་བ་འཕེན་པའི་ངག་དེ་ཐལ་འགྱུར་གྱི་མཚན་ཉིད་ཟེར་ན། འོ་ན་ཐལ་འགྱུར་ཡིན་ན་རྟགས་གསལ་རྩོད་གསུམ་ཚང་བར་བཀོད་པས་ཁྱབ་པར་ཐལ། དེ་ཡིན་ན་རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་པའི་སྒོས་ཕ་རོལ་པོ་ལ་མི་འདོད་པའི་ཐལ་བ་འཕེན་པའི་ངག་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། རྟགས་གསལ་གཉིས་དང་མི་ལྡན་ན་ཐལ་འགྱུར་གྱི་ཁྱབ་པ་ཀློང་ཚུལ་མེད་པའི་ཕྱིར། འདོད་ན། ཐལ་འགྱུར་ལྟར་སྣང་དུ་གྱུར་པའི་རྟགས་ཙམ་བཀོད་པ་དང༌། ཐལ་བ་ཙམ་བཀོད་པ་དང༌། རྩོད་གཞི་ཙམ་བཀོད་པའི་ཐལ་འགྱུར་རེ་རེ་ནས་ཆོས་ཅན། ཐལ་འགྱུར་མ་ཡིན་པར་ཐལ། རྟགས་གསལ་རྩོད་གཞི་གསུམ་དང་མི་ལྡན་པ་དེའི་ཕྱིར། འཁོར་གསུམ། དེར་ཐལ། རང་གཞན་གྱིས་བཀོད་ཚུལ་གྱི་ངག་མི་མཁས་པས། རྟགས་ཙམ་བཀོད་པ་དང༌། ཐལ་བ་ཙམ་བཀོད་པ་སོགས་ཀྱི་ཐལ་འགྱུར་ལྟར་སྣང་དུ་མ་ཡོད་པའི་ཕྱིར། དེར་ཐལ། རྟགས་ཙམ་བཀོད་པའི་སྒྲུབ་ངག་ཁོང་གིས་ཁས་ལེན་པའི་ཕྱིར། བསྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་བདག་རིགས་ཕྱིར། །ཞེས་པའི་སུན་འབྱིན་ངག །ལྟར་སྣང་ཞེས་པའི་དོན་ཡོད་པའི་ཕྱིར། ཡང་ཉལ་བ་རིན་བསམ་པའི་གསུང་ལས། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་པའི་སྒོས་ཕ་རོལ་པོས་མི་འདོད་པའི་ཐལ་བ་སྟོན་པའི་རྗོད་བྱེད་རྣམ་དག་དེ་ཐལ་འགྱུར་གྱི་མཚན་ཉིད་ཟེར་ན། ཚད་མ་རིགས་ཐིགས་ཆོས་ཅན། ཐལ་འགྱུར་ཡིན་པར་ཐལ། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་པའི་སྒོས་ཕ་རོལ་པོ་ལ་མི་འདོད་པའི་ཐལ་བ་སྟོན་པའི་རྗོད་བྱེད་རྣམ་དག་ཡིན་པའི་ཕྱིར། འཁོར་གསུམ། དེར་ཐལ། རྟོག་གེའི་ཚིག་དོན་བརྒྱད་སྟོན་པའི་ལུས་ལྟ་བུའི་བསྟན་བཅོས་སུ་བཞག་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། དེས་ན་དེ་འདྲ་སྟོན་པའི་ཚད་མ་ཞེས་པ་དང༌། དེ་འདྲ་སྟོན་པའི་རྗོད་བྱེད་ཀྱི་སྒྲ་ཞེས་པ་སོགས་ལ་ཐལ་འགྱུར་ཞེས་པའི་མིང་སོགས་འཕེན་པར་བྱའོ། །བྱས་པ་ལ་ཆ་པ་ན་རེ། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་པའི་སྒོས་ཕ་རོལ་པོ་ལ་མི་འདོད་པའི་ཐལ་བ་འཕེན་པའི་ངག་ཐལ་འགྱུར་གྱི་མཚན་ཉིད་དུ་འདོད་པར་ཐལ། རྟོག་གེའི་སྐད་ལས། ཐལ་བར་འགྱུར་བ་ཞེས་བྱ་བ་ལ་ཐལ་བར་འགྱུར་བ་ཞེས་བྱ་བ་འདི་གང་ཡིན་ཞེ་ན། རྟགས་དང་ཁྱབ་པ་ཚད་མས་གྲུབ་པ་ཙམ་གྱིས་རྒོལ་བས་མི་འདོད་པ་སྒྲུབ་པར་བྱེད་པའི་ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དེ་ཐལ་འགྱུར་ཡང་དག་གི་མཚན་ཉིད་བཤད་པའི་སྐབས་ཡིན་པའི་ཕྱིར། དེ་རིགས་སྒོས་ཐལ་འགྱུར་གྱི་བཤད་པ་ལ་ཤེས་པར་བྱའོ། །

རང་ལུགས་ལ། ཐལ་འགྱུར་གྱི་མཚན་ཉིད་ཡོད་དེ། རྟགས་ཕ་རོལ་པོའི་བློ་ངོར་གྲུབ་པའི་ཕྱིར་བཀོད་པའི་སྒོས་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་ཅིང་ཕ་རོལ་པོ་ལ་མི་འདོད་པའི་ཐལ་བ་འཕེན་པའི་ཆ་ནས་བཞག་པའི་ཐལ་ངག་དེ་ཡིན་པའི་ཕྱིར། ཐལ་འགྱུར་ལ་ཕྱོགས་ཆོས་གྲུབ་པ་མི་དགོས་པས་ཕ་རོལ་པོའི་བློ་ངོར་གྲུབ་པ་ཞེས་བཤད། ཐལ་འགྱུར་ཞེས་པའི་སྒྲ་ཐལ་འགྱུར་ཡིན་པ་གཅོད་པའི་ཕྱིར་དུ་བཀོད་པ་ཞེས་བཤད། སྒྲུབ་ངག་དང་རྟགས་སྦྱོར་ཐལ་འགྱུར་ཡིན་པ་གཅོད་པའི་ཕྱིར་དུ་ཕ་རོལ་པོ་ལ་མི་འདོད་པ་ཞེས་བཤད། རྟགས་ཙམ་བཀོད་པ་སོགས་ཀྱི་ཐལ་འགྱུར་ལྟར་སྣང་ལྟ་བུ་སྡུད་པའི་ཕྱིར་དུ་ཆ་བཞག་སྨོས་པའི་ཕྱིར། མཚན་གཞི་ཡོད་དེ། སྒྲ་བྱས་པ་དང་རྟག་པར་ཁས་ལེན་པ་ལ་སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ་དེ་ཡིན་པའི་ཕྱིར། དབྱེ་ན། ཐལ་འགྱུར་ཡང་དག་དང༌། ཐལ་འགྱུར་ལྟར་སྣང་གཉིས་སོ། །ཐལ་འགྱུར་ཡང་དག་གི་མཚན་ཉིད་ནི། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་པའི་སྒོས་ཕ་རོལ་པོ་ལ་མི་འདོད་པའི་ཐལ་བ་འཕེན་པའི་ཐལ་འགྱུར་གང་ཞིག །སྐབས་ཀྱི་ཕ་རོལ་པོས་ལན་དོན་མཐུན་མི་ཐེབ་པ་དེ་ཡིན་པའི་ཕྱིར། གཞན་རྣམས་སླ་ལ། སྐབས་ཀྱི་ཕྱི་རྒོལ་ཞེས་པས་རྒོལ་བ་རྒྱུད་མ་སྨིན་པའི་དབང་རྟུལ་སོགས་གཅོད། ལན་དོན་མཐུན་མི་ཐེབས་ཞེས་པས་ཕ་རོལ་པོས་སྨྱོན་ལྡང་ནས་ལན་འདེབས་པ་སོགས་གཅོད་པའི་ཕྱིར། དབྱེ་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་ཡོད། ཡང་ཐལ་འགྱུར་ཡང་དག་སྤྱིའི་མཚན་ཉིད་དང༌། སྒྲུབ་བྱེད་འཕེན་མི་འཕེན་གྱི་ཐལ་འགྱུར་ཡང་དག་གཉིས་སོ་སོའི་མཚན་ཉིད་ལ་མཐའ་ཅུང་ཟད་དཔྱད་ན། ཁ་ཅིག་ན་རེ། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་ཅིང་ཕྱི་རྒོལ་ཡང་དག་གི་ངོར་ཐལ་འགྱུར་ཡང་དག་ཏུ་སོང་བའི་སྒོས་ལན་དོན་མཐུན་མི་ཐེབས་པའི་ཐལ་ངག་དེ་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཟེར་ན། འོ་ན། ཐལ་འགྱུར་ཡང་དག་ཡིན་ན། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་ཅིང་ཕྱི་རྒོལ་ཡང་དག་གི་ངོར་ཐལ་འགྱུར་ཡང་དག་ཏུ་སོང་བའི་སྒོས་ལན་དོན་མཐུན་མི་ཐེབས་པ་ཡིན་པས་ཁྱབ་པར་ཐལ། དེ་འདྲ་དེ་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཕྱི་རྒོལ་ཡང་དག་གི་ངོར་ཐལ་འགྱུར་ཡང་དག་ཏུ་སོང་བའི་སྒོས་ལན་དོན་མཐུན་མི་ཐེབས་པར་ཐལ། ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཕྱི་རྒོལ་ཡང་དག་གིས་དེ་ལ་རྟགས་མ་གྲུབ་ཅེས་ལན་དོན་མཐུན་ཐེབས་པའི་ཕྱིར། དེར་ཐལ། ཕྱི་རྒོལ་ཡང་དག་གིས་སྒྲ་མི་རྟག་པར་རྟོགས་པའི་ཕྱིར། དེར་ཐལ། མི་རྟག་པའི་རྟགས་ཀྱིས་སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་གིས་སྒྲ་མི་རྟག་པར་རྟོགས་པའི་ཕྱིར། ཁྱབ་སྟེ། ཕྱི་རྒོལ་གང་ཡང་རུང་བ་ཞིག་གིས་རྟོགས་ན་ཕྱི་རྒོལ་ཡང་དག་གིས་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། གང་ཟག་གང་ཡང་རུང་བ་ཞིག་གིས་རྟོགས་ན་གང་ཟག་གིས་རྟོགས་པས་ཁྱབ་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། མི་རྟག་པའི་རྟགས་ཀྱིས་སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་ཡོད་པའི་ཕྱིར། དེར་ཐལ། མི་རྟག་པའི་རྟགས་ཀྱིས་སྒྲ་གང་ཟག་གི་བདག་མེད་དུ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པའི་ཕྱིར། ཡང་ཁ་ཅིག །རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་པའི་སྒོས་ཕྱི་རྒོལ་ཡང་དག་གི་དམ་བཅའི་ཞེན་དོན་སུན་འབྱིན་ནུས་པའི་ཐལ་ངག་དེ་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཟེར་ན། ཐལ་འགྱུར་ཡང་དག་ཡིན་ན་དེ་ཡིན་པས་ཁྱབ་པར་ཐལ། ཐལ་འགྱུར་ཡང་དག་གི་མཚན་ཉིད་དེའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་དང་ཁྱབ་པ་ཕ་རོལ་པོའི་བློ་ངོར་གྲུབ་པའི་སྒོས་ཕྱི་རྒོལ་ཡང་དག་གི་དམ་བཅའི་ཞེན་དོན་སུན་འབྱིན་ནུས་པར་ཐལ། ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་ཕྱི་རྒོལ་ཡང་དག་གི་དམ་བཅའི་ཞེན་དོན་མེད་པར་རྟོགས་ཐུབ་པར་ཐལ། དེ་འདྲའི་ཐལ་འགྱུར་གྱིས་ཕྱི་རྒོལ་ཡང་དག་གི་དམ་བཅའི་ཞེན་དོན་སུན་འབྱིན་ནུས་པའི་ཕྱིར། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་རང་གི་བསྟན་དོན་ལ་མི་བསླུ་བར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་གི་དམ་བཅའི་ཞེན་དོན་མེད་པར་རྟོགས་ཐུབ་པར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་དམ་བཅའི་ཞེན་དོན་མེད་པར་རྟོགས་ཐུབ་པའི་ཕྱིར། འདོད་ན། དངོས་སྟོབས་རྗེས་དཔག་གིས་ཡིད་ཆེས་རྗེས་དཔག་གི་གཞལ་བྱ་འཇལ་ཐུབ་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གིས་དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ལས་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་རང་གི་བསྟན་དོན་ལ་མི་བསླུ་བར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་གི་དམ་བཅའི་ཞེན་དོན་མེད་པར་རྟོགས་པའི་ཕྱིར། འདོད་ན། ཅུང་ཟད་ལྐོག་གྱུར་ཡིན་ན། ཤིན་ཏུ་ལྐོག་གྱུར་ཡིན་དགོས་པར་ཐལ། དངོས་སྟོབས་རྗེས་དཔག་གིས་ཡིད་ཆེས་རྗེས་དཔག་གི་གཞལ་བྱ་འཇལ་ཐུབ་པའི་ཕྱིར། འདོད་མི་ནུས་ཏེ། གཞལ་བྱའི་གནས་གསུམ་ཕྲ་རག་གི་ཚུལ་དུ་མ་འདྲེས་པར་སོ་སོར་གནས་པའི་ཕྱིར། བྱས་པ་ལ། སློབ་དཔོན་ལྷ་ཤཱཀ་གི་འགྲེལ་པ་ལ་འདྲིས་པའི་དཔྱོད་ལྡན་ཁ་ཅིག་ན་རེ། ཅུང་ཟད་ལྐོག་གྱུར་ཡིན་ན་ཤིན་ཏུ་ལྐོག་གྱུར་ཡིན་དགོས་པར་ཐལ། དངོས་སྟོབས་རྗེས་དཔག་ཁོ་ནའི་ཡུལ་ཡིན་པ་མེད་པའི་ཕྱིར་ཞེ་ན། སློབ་དཔོན་ལྷ་ཤཱཀ་གི་ལུགས་ལ་དེ་ལྟར་རུང་ཡང༌། ཆོས་མཆོག་རྒྱན་མཁན་པོ་སོགས་དབུ་སེམས་ཀྱི་མཁས་པ་ཕལ་ཆེར་ལུགས་ལ་དེ་གསུམ་འགལ་བ་ཡིན་པ་ལྟར་ཤིན་ཏུ་འཐད་པའི་ཕྱིར། ཡང་སློབ་དཔོན་ལྷ་ཤཱཀ་གཉིས་ཀྱི་ལུགས་ལ། གཞི་གྲུབ་ན། མངོན་གྱུར་དང༌། ཅུང་ཟད་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་གསུམ་ཀ་ཡིན་པས་ཁྱབ་ཀྱང༌། གཞི་གྲུབ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་གཞལ་བྱ་ཡིན་པས་མ་ཁྱབ་པར་ཐལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ལས་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་རང་གི་བསྟན་དོན་ལ་མི་བསླུ་བར་བསྒྲུབ་པའི་དམ་བཅའི་དོན་རྟོགས་པ་མ་ཡིན་པའི་ཕྱིར། དེར་ཐལ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས། ཞེས་པའི་སྒྲུབ་ངག་འདིས་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་རང་གི་བསྟན་དོན་ལ་མི་བསླུ་བར་སྒྲུབ་པར་བྱེད་པའི་དམ་བཅའི་དོན་སྟོན་མི་ཐུབ་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་ཐལ་འགྱུར་གྱིས་སྒྲུབ་ངག་གི་དོན་དེ་སྟོན་མི་ཐུབ་ན། དེ་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་གིས་དེ་བས་ཀྱང་རྟོགས་མི་ཐུབ་པའི་ཕྱིར། གཞན་ཡང༌། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་གིས་དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ལས་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་གི་བསྟན་དོན་ལ་མི་བསླུ་བར་སྒྲུབ་པར་བྱེད་པའི་དམ་བཅའི་དོན་སྒྲུབ་མི་ནུས་པར་ཐལ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་དེས་རང་ཉིད་འགོད་པ་སྐབས་བབས་ལ། དེ་འདྲའི་དམ་བཅའི་དོན་དེ་སྒྲུབ་མི་ནུས་པའི་ཕྱིར། དེར་ཐལ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན། བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་དེ་འགོད་པ་སྐབས་བབས་ཀྱི་གང་ཟག་དེ་ལ་དེ་འདྲའི་དམ་བཅའི་དོན་དེ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། དེར་ཐལ། ལས་འབྲས་ཀྱི་འབྲེལ་བ་ཕྲ་མོ་སོ་སོ་སྐྱེ་བོ་ལ་ཤིན་ཏུ་ལྐོག་གྱུར་ཡིན་པར་མ་ཟད། བྱང་འཕགས་ས་བཅུ་པ་མན་ཆད་ལ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། མདོ་དུ་མ་ལས། ང་དང་ང་འདྲ་བས་གང་ཟག་གི་ཚོད་བཟུང་བར་བྱ་ཡི། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་ཐུབ་པར་ཐལ། ཁྱོད་ཀྱིས་སྒྲ་རྟག་འཛིན་གྱི་ཞེན་ཡུལ་སུན་འབྱིན་ནུས་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱིས་སྒྲ་རྟག་འཛིན་གྱི་ཞེན་ཡུལ་སུན་འབྱིན་ནུས་པའི་ཕྱིར། རྟགས་ཁས། འདོད་ན། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་མི་ཐུབ་པར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པར་དངོས་སུ་སྒྲུབ་མི་ཐུབ་པ་གང་ཞིག །ཤུགས་ལ་སྒྲུབ་མི་ཐུབ་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་དངོས་སུ་སྒྲུབ་མི་ཐུབ་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཏན་ཚིག་ཡང་དག་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། གཏན་ཚིགས་བརྗོད་པ་རང་ཉིད་ལ། །ནུས་པ་མེད་ཀྱང་ནུས་སྟོན་བྱེད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་སྒྲུབ་ངག་དེས་རང་ཉིད་ལ་སྒྲ་མི་རྟག་པར་བསྒྲུབ་པའི་ནུས་པ་མེད་ཀྱང་སྒྲ་མི་རྟག་པར་སྒྲུབ་ནུས་ཀྱི་བྱས་རྟགས་ཀྱི་དེ་སྒྲུབ་ཀྱི་རྟགས་འཛིན་སེམས་སྐྱེད་ཅེས་པའི་དོན་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ། དེ་འདྲའི་སྒྲུབ་ངག་འགོད་པ་སྐབས་བབས་ཀྱི་ཚེ། རང་རྒྱུད་ལ་བྱས་རྟགས་ཀྱི་དེ་སྒྲུབ་ཀྱི་ཚུལ་གསུམ་དྲན་པའི་དྲན་ཤེས་སྐྱེད་པ་སྒྲུབ་ངག་དེ་བཀོད་པ་ལ་ལྟོས་པས་ཁྱབ། སྒྲུབ་ངག་དེ་འགོད་པ་སྐབས་བབས་ཡིན་ན། དེ་སྒྲུབ་ཀྱི་ཚུལ་གསུམ་དྲན་པའི་དྲན་ཤེས་རྒྱུད་ལ་མི་ལྡན་པས་ཁྱབ་པའི་ཕྱིར། འཆད་པར་བྱེད་པ་ལ། རྣམ་འགྲེལ་ལས། ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་སྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གོང་གི་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བ་ནི་དེ་སྒྲུབ་ཀྱི་ཚུལ་གསུམ་དྲན་པའི་དྲན་ཤེས་ལ་རགས་ལས། དེ་སྒྲུབ་ཀྱི་ཚུལ་གསུམ་དྲན་པའི་དྲན་ཤེས་སྐྱེ་བ་དེ་སྒྲུབ་ཀྱི་སྒྲུབ་ངག་བཀོད་པ་ལ་རགས་ལས་ཞེས་བཤད་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་སྒྲུབ་ངག་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་བརྒྱུད་ནས་སྒྲུབ་མི་ཐུབ་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་པ་བརྗོད་པས་དེ་སྒྲུབ་ཀྱི་ཁྱབ་པ་སྒྲུབ་མི་ནུས། དེ་སྒྲུབ་ཀྱི་ཕྱོགས་ཆོས་བརྗོད་པས་དེ་སྒྲུབ་ཀྱི་ཕྱོགས་ཆོས་སྒྲུབ་མི་ནུས་པའི་ཕྱིར། དེར་ཐལ། བྱས་ན་མི་རྟག་པས་ཁྱབ་ཅེས་པས་བྱས་ན་མི་རྟག་པས་ཁྱབ་པ་སྒྲུབ་མི་ནུས། སྒྲ་བྱས་ཞེས་པའི་ཚིག་གིས་སྒྲ་བྱས་པར་སྒྲུབ་མི་ནུས་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་ཅེས་པའི་ཚིག་གིས་སྒྲ་མི་རྟག་པར་སྒྲུབ་མི་ནུས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རྣམ་འགྲེལ་ལས། དེ་ལས་ཐེ་ཚོམ་དག །སྐྱེད་ཕྱིར་དངོས་སུ་སྒྲུབ་བྱེད་མིན། །ཞེས་གསུངས་པའི་ཕྱིར། དེའི་དོན་ནི། དེ་སྒྲུབ་ཀྱི་སྒྲུབ་ངག་སྐབས་སུ། དེ་སྒྲུབ་ཀྱི་དམ་བཅའ་ཅིའི་ཕྱིར་མ་བརྗོད་ཅེ་ན། དེ་སྒྲུབ་ཀྱི་དམ་བཅའ་བརྗོད་ཀྱང༌། ཐེ་ཚོམ་ལས་སྐྱེད་མི་ཐུབ་པའི་ཕྱིར་དེ་སྒྲུབ་ཀྱི་སྒྲུབ་ངག་སྐབས་སུ་མ་བརྗོད་ཅེས་བཤད་པའི་ཕྱིར། ཡང་ཁ་ཅིག །ཐལ་འགྱུར་གང་ཞིག །རང་འགོད་ཡུལ་གྱི་རྒོལ་བ་ལ་ཐལ་འགྱུར་ཡང་དག་ཏུ་སོང་བ་དེ་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཟེར་ན། ཐལ་འགྱུར་ཡང་དག་ཡིན་ན་མཚན་ཉིད་དེ་ཡིན་པས་ཁྱབ་པར་ཐལ། ཐལ་འགྱུར་ཡང་དག་གི་མཚན་ཉིད་འཐད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་སླ། འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། རང་འགོད་ཡུལ་དཔལ་ལྡན་ཆོས་གྲགས་ལ་ཐལ་འགྱུར་ཡང་དག་ཏུ་སོང་བར་ཐལ། རང་འགོད་ཡུལ་རྒོལ་བ་ལ་ཐལ་འགྱུར་ཡང་དག་ཏུ་སོང་བའི་ཕྱིར། ཁྱབ་སྟེ། དེ་འདྲའི་ཐལ་འགྱུར་དཔལ་ལྡན་ཆོས་གྲགས་ལ་བཀོད་པ་ཡོད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལེའུ་དང་པོའི་སྐབས་སུ་སློབ་དཔོན་དབང་ཕྱུག་སྡེ་དང་དཔལ་ལྡན་ཆོས་གྲགས་གཉིས་ཀྱིས་བརྩད་ཚུལ་སྐབས་ན་ཤིན་ཏུ་གསལ་བའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། དཔལ་ལྡན་ཆོས་གྲགས་ལ་ཐལ་འགྱུར་ཡང་དག་ཏུ་མ་སོང་བར་ཐལ། དེ་ལ་ཐལ་འགྱུར་ལྟར་སྣང་ཡིན་པའི་ཕྱིར། དེར་ཐལ། དེས་རྟགས་མ་གྲུབ་ཅེས་ལན་ཐེབས་པའི་ཕྱིར། ཁ་ཅིག །རང་འགོད་ཡུལ་གྱི་རྒོལ་བ་ལ་ཐལ་འགྱུར་ཡང་དག་ཏུ་སོང་བའི་སྒོས་ལན་དོན་མཐུན་མི་ཐེབས་པ་དེ། ཐལ་འགྱུར་ཡང་དག་གི་མཚན་ཉིད་ཟེར་ན། འོ་ན་རང་འགོད་ཡུལ་གྱི་རྒོལ་བ་ལ་ཐལ་འགྱུར་ཡང་དག་ཏུ་སོང་བའི་སྒོས་ལན་དོན་མཐུན་མི་ཐེབས་པ་ཡིན་ན་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་པར་ཐལ། མཚན་ཉིད་འཐད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། རང་འགོད་ཡུལ་གྱི་རྒོལ་བ་ལ་ཐལ་འགྱུར་ཡང་དག་ཏུ་སོང་བའི་སྒོས་ལན་དོན་མཐུན་མི་ཐེབས་པའི་ཕྱིར། དེར་ཐལ། སྒྲ་མིག་ཤེས་ཀྱི་བཟུང་བྱར་ཁས་བླངས། མིག་ཤེས་ཀྱི་བཟུང་བྱ་ལ་རྟག་པས་ཁྱབ་པ་ཁས་བླངས་པ་ལ་དེ་ལྟར་བཀོད་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། ཐལ་འགྱུར་ལྟར་སྣང་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། ཁྱོད་ཐལ་འགྱུར་ཡང་དག་ཏུ་སོང་པའི་གང་ཟག་ཡོད་པའི་ཕྱིར། དེས་ཁྱོད་ལ་ལན་མི་ཐེབས་པའི་ཕྱིར། རང་གི་ཁས་བླངས་དང་འགལ་བ་འོངས་པའི་ཕྱིར་ཏེ། དེ་འདྲའི་གང་ཟག་དེས་སྒྲ་མིག་ཤེས་ཀྱི་བཟུང་བྱ་དང་མིག་ཤེས་ཀྱི་བཟུང་བྱ་ལ་མི་རྟག་པས་ཁྱབ་པ་ཁས་བླངས། སྒྲ་རྟག་པར་ཁས་བླངས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་འདྲའི་ཐལ་འགྱུར་དེ་ཆོས་ཅན། ཁྱོད་ཐལ་འགྱུར་ཡང་དག་ཏུ་སོང་བའི་གང་ཟག་ཡོད་པར་ཐལ། སྒྲ་མིག་ཤེས་ཀྱི་བཟུང་བྱར་ཡང་ཁས་བླངས། མིག་ཤེས་ཀྱི་བཟུང་བྱ་ལ་མི་རྟག་པས་ཁྱབ་པའང་ཁས་བླངས། སྒྲ་རྟག་པར་ཁས་བླངས་པའི་གང་ཟག་དེ་ཡིན་པའི་ཕྱིར། ཐལ་འགྱུར་གྱི་སྐབས་ཀྱི་གྲུབ་ཚུལ་ནི་ཚད་མས་གྲུབ་པའང་ཡོད་མོད་ཀྱི། དེ་མིན་ལ་བློ་ཙམ་གྱིས་གྲུབ་པས་ཆོག །ཁྱབ་པ་ཚད་མས་གྲུབ་པ་དང༌། སྒྲ་རྟག་པར་ཞེ་ཐག་པའི་དམ་བཅའ་ལ་ཁས་བླངས་པའི་བསལ་བ་འབབས་པ་དེ་ཡིན་པའི་ཕྱིར། དེར་ཐལ། སྤྱིར་ཐལ་འགྱུར་ཡང་དག་ལ་དམ་བཅའ་ཚད་མས་གྲུབ་ན་ཚད་མས་གསལ་བ་འབབས་པ་དང༌། དམ་བཅའ་ཁས་བླངས་ཀྱིས་གྲུབ་ན། དེའི་བསལ་བ་འབབས་པ་དང༌། དེ་གཉིས་གང་ཡང་མེད་ན་དམ་བཅའ་ལ་བསལ་བ་མེད་པའི་ཐལ་འགྱུར་ཏེ་གསུམ་དུ་འགྱུར་པའི་ཕྱིར། དེས་ན་སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡང་དག་ཀྱང་རྒོལ་བའི་དབང་གིས་ལྟར་སྣང་དུ་འགྱུར་ཚུལ་ཡང་ཤེས་པར་བྱའོ། རྩ་བར་འདོད་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། ཐལ་འགྱུར་ལྟར་སྣང་ཡིན་པའི་ཕྱིར། དེར་ཐལ། ཁྱོད་རྒོལ་བ་གཉིས་ཀ་ལས་གྲུབ་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཡང་ཁ་ཅིག །རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རྟགས་ལོག་བསྒྲུབ་པ་ལ་ཚུལ་གསུམ་ཚང་བ་དེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཟེར་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། མཚན་ཉིད་དེ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བྱས་པ་སྒྲའི་སྟེང་དུ་དེའི་རྟགས་ལོག་བསྒྲུབ་པ་ལ་ཚུལ་གསུམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པ་ཡིན་ན། ཐལ་འགྱུར་དེའི་རྟགས་ལོག་ཡིན་དགོས་པར་ཐལ། འདོད་ན། དེ་འདྲའི་དམ་བཅའ་ཡང་སྒྲུབ་ཐུབ་པར་ཐལ་ལོ། །ཡང་ཁ་ཅིག །ཐལ་འགྱུར་ཡང་དག་ཡིན་ན། རང་ཉིད་ཐལ་འགྱུར་ཡང་དག་ཏུ་སོང་བའི་རྒོལ་བ་ཡིན་པ་ཡོད་པས་ཁྱབ་ཟེར་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང༌། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཁྱོད་ཐལ་འགྱུར་ཡང་དག་ཟུང་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྔ་མ་ཐལ་འགྱུར་ཡང་དག་ཏུ་སོང་བའི་གང་ཟག་ཡིན་ན་སྒྲ་རྟག་པར་དམ་བཅའ་བས་ཁྱབ། ཕྱི་མ་ཐལ་འགྱུར་ཡང་དག་ཏུ་སོང་བའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་དམ་བཅའ་བས་ཁྱབ་པའི་ཕྱིར། ཡང་ཁ་ཅིག །སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན། གསོན་ལུས་ཆོས་ཅན། སྲོག་དབང་དང་མི་ལྡན་པར་ཐལ། བདག་བཅས་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། སྲོག་ལྡན་གྱི་རྟགས་ཀྱིས་གསོན་ལུས་བདག་བཅས་སུ་སྒྲུབ་པའི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཡང་ཁ་ཅིག །སྒྲུབ་བྱེད་ཚུལ་གསུམ་པའི་རང་རྒྱུད་ཡང་དག་འཕེན་པའི་ཐལ་འགྱུར་དེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཟེར་ན། མཚོན་བྱ་དེ་ཡིན་ན་མཚན་ཉིད་དེ་ཡིན་པས་ཁྱབ་པར་ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། དབུ་སེམས་རྩོད་དུས་ཡང་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གིས་རང་རྒྱུད་འཕེན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐལ་འགྱུར་པས་ཡང་རང་རྒྱུད་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པས་ཚིག་བཞག་ཏུ་གནང་བའི་དཀའ་གནས་འདིར། མཁས་པ་སོ་སོའི་བཞེད་ཚུལ་ལས་འཕྲོས་པའི་དགག་བཞག་སོགས་ལ་དོགས་གནས་མང་པོ་ཡོད་ཀྱང་མ་དཔེ་ཚད་ཐུབ་མ་རྙེད་པས་སླར་དཔྱད་དགོས་སོ། །

རྩོམ་སྒྲིག་པ། བློ་བཟང་བཀྲ་ཤིས། 

བརྒྱུད་འགོད།
0