བསེ་བསྡུས་་ལས་ཡུལ་དང་ཡུལ་ཅན་གྱི་རྣམ་བཞག
ཡུལ་དང་ཡུལ་ཅན་གྱི་རྣམ་བཞག་བཤད་པ་ལ།
ཁ་ཅིག་ན་རེ། བློ་གང་ཡང་རུང་བ་ཞིག་གི་ཡུལ་ཡིན་ན། ཡུལ་ཡིན་པས་ཁྱབ་ཟེར་ན། རི་བོང་རྭ་ཆོས་ཅན། ཡུལ་ཡིན་པར་ཐལ། བློ་གང་ཡང་རུང་བ་ཞིག་གི་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བློ་གང་ཡང་རུང་བ་ཞིག་གི་ཡུལ་ཡིན་པར་ཐལ། རི་བོང་རྭ་འཛིན་རྟོག་པའི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། རི་བོང་རྭ་འཛིན་རྟོག་པའི་ཡུལ་ཡིན་པར་ཐལ། རི་བོང་རྭ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཁྱོད་ཁྱོད་འཛིན་རྟོག་པའི་ཞེན་ཡུལ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། རི་བོང་རྭ་ཆོས་ཅན། ཡུལ་མ་ཡིན་པར་ཐལ། གཞལ་བྱ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཡུལ་དང་གཞལ་བྱ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། ཡུལ་དང་གཞལ་བྱ་གཉིས་དོན་གཅིག་ཡིན་པར་ཐལ། ཡུལ་དང་ཚད་མས་དམིགས་པ་གཉིས་དོན་གཅིག་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། ཡུལ་ཅན་ཡིན་ན་ཤེས་པ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་ཀྱི་བརྗོད་བྱ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཡོད་པར་ཐལ། བུམ་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཁྱོད་ཞེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། གསལ་ཞིང་རིག་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། གསལ་ཞིང་རིག་པ་མ་ཡིན་པར་ཐལ། བེམ་པོ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། བེམ་པོ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཞེས་བརྗོད་པའི་སྒྲ་སྒྲ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།
གཞན་ཡང། མིག་དབང་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། མིག་དབང་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་ཡོད་པའི་ཕྱིར། མ་གྲུབ་ན་མིག་དབང་ཆོས་ཅན། ཁྱོད་ཀྱི་ཡུལ་ཡོད་པར་ཐལ། སྔོན་པོ་དེ་ཡིན་པའི་ཕྱིར། མ་གྲུབ་ན། སྔོན་པོ་ཆོས་ཅན། ཁྱོད་མིག་དབང་གི་ཡུལ་ཡིན་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། མ་གྲུབ་ན། སྔོན་པོ་ཆོས་ཅན། མིག་ཤེས་ཀྱི་བཟུང་བྱ་ཡིན་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། རྩ་བར་འདོད་ན། མིག་དབང་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། བེམ་པོ་ཡིན་པའི་ཕྱིར། མ་གྲུབ་ན། མིག་དབང་ཆོས་ཅན། བེམ་པོ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། མ་གྲུབ་ན། མིག་དབང་ཆོས་ཅན། གཟུགས་ཡིན་པར་ཐལ། མིག་གི་སྐྱེ་མཆེད་ཡིན་པའི་ཕྱིར། མ་གྲུབ་ན། མིག་དབང་ཆོས་ཅན། མིག་གི་སྐྱེ་མཆེད་ཡིན་པར་ཐལ། མིག་ཡིན་པའི་ཕྱིར།
གཞན་ཡང། སངས་རྒྱས་འཕགས་པ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། ཁྱོད་ཀྱི་ཡུལ་ཡོད་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་ཀྱི་གཞལ་བྱ་ཡོད་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ཀྱི་གཞལ་བྱ་ཡོད་པར་ཐལ། གཞི་གྲུབ་ན་ཁྱོད་ཀྱི་གཞལ་བྱ་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། ཤེས་པ་མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། ལྡན་མིན་འདུ་བྱེད་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། གང་ཟག་ཡིན་པར་ཐལ། སངས་རྒྱས་འཕགས་པ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། ཡུལ་ཡིན་ན་མངོན་སུམ་གྱི་ཚད་མའི་དངོས་ཡུལ་ཡིན་པས་ཁྱབ་ཟེར་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མངོན་སུམ་གྱི་ཚད་མའི་དངོས་ཡུལ་ཡིན་པར་ཐལ། ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། ཡུལ་ཡིན་པར་ཐལ། བློའི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། བློའི་ཡུལ་ཡིན་པར་ཐལ། བློའི་ཡུལ་དུ་བྱ་རུང་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། བློའི་ཡུལ་དུ་བྱ་རུང་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བློའི་ཡུལ་དུ་བྱ་རུང་ཤེས་བྱའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མངོན་སུམ་གྱི་དངོས་ཡུལ་མ་ཡིན་པར་ཐལ། རྣམ་མཁྱེན་གྱི་དངོས་ཡུལ་མ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྣམ་མཁྱེན་གྱི་དངོས་ཡུལ་མ་ཡིན་པར་ཐལ། རྣམ་མཁྱེན་གྱི་དངོས་གཞལ་མ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྣམ་མཁྱེན་གྱི་དངོས་གཞལ་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྣམ་མཁྱེན་གྱི་དངོས་གཞལ་དང་དངོས་པོ་གཉིས་དོན་གཅིག་ཡིན་བའི་ཕྱིར།
ཁ་ཅིག་ན་རེ། བུམ་འཛིན་རྟོག་པའི་བཟུང་ཡུལ་ཡིན་ན། བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པས་ཁྱབ་ཟེར་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་ཞེན་ཡུལ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་བཟུང་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་བཟུང་ཡུལ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བུམ་འཛིན་རྟོག་པའི་སྣང་ཡུལ་དང་བུམ་འཛིན་རྟོག་པའི་བཟུང་ཡུལ་གཉིས་དོན་གཅིག་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། བུམ་པ་ཆོས་ཅན། ཁྱོད་འཛིན་རྟོག་པ་ལ་ཁྱོད་མ་ཡིན་པ་ལས་ལོག་པར་སྣང་བ་ཁྱོད་འཛིན་རྟོག་པའི་སྣང་ཡུལ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་ཞེན་ཡུལ་མ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་མ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་དང་བུམ་འཛིན་རྟོག་པའི་སྣང་ཡུལ་གཉིས་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་དང་ཁྱོད་འཛིན་རྟོག་པའི་སྣང་ཡུལ་གཉིས་འགལ་བ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པའི་བཟུང་ཡུལ་མ་ཡིན་པར་ཐལ། བུམ་འཛིན་རྟོག་པས་མ་བཟུང་བའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། བུམ་འཛིན་རྟོག་པས་མ་བཟུང་བར་ཐལ། བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། རྟོག་པ་ཡིན་ན་ཁྱོད་ཀྱི་ཞེན་ཡུལ་ཡོད་པས་ཁྱབ་ཟེར་ན། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་ཡོད་པར་ཐལ། ཁྱོད་རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་རྟག་པར་འཛིན་པའི་རྟོག་པ་དེ་རྟོག་པ་ཡིན་པར་ཐལ། ཁྱོད་རྟག་པར་འཛིན་པའི་རྟོག་པ་ཡོད་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་རྟག་པར་འཛིན་པའི་རྟོག་པ་ཡོད་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་མེད་པར་ཐལ། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་མེད་པའི་ཕྱིར། མ་གྲུབ་ན། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་མེད་པར་ཐལ། ཁྱོད་ལོག་ཤེས་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་རྟག་པར་འཛིན་པའི་རྟོག་པ་དེ་ལོག་ཤེས་ཡིན་པར་ཐལ། ཁྱོད་རྟག་པ་མ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་ཀྱི་དམིགས་ཡུལ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་དམིགས་ཡུལ་ཡོད་པར་ཐལ། སྒྲ་དེ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་སྒྲ་རྟག་པར་འཛིན་པའི་རྟོག་པའི་དམིགས་ཡུལ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་དམིགས་ཡུལ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྒྲ་རྟག་པར་འཛིན་པའི་རྟོག་པ་དང། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། བུམ་འཛིན་རྟོག་པ་ཡིན་ན། བུམ་པ་ཁྱོད་ཀྱི་ཞེན་ཡུལ་ཡིན་པས་ཁྱབ་ཟེར་ན། བུམ་པ་སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་རྟོག་པ་ཆོས་ཅན། བུམ་པ་ཁྱོད་ཀྱི་ཞེན་ཡུལ་ཡིན་པར་ཐལ། ཁྱོད་བུམ་འཛིན་རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་རྟོག་པ་དེ་ཁྱོད་འཛིན་རྟོག་ཡིན་པར་ཐལ། ཁྱོད་སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་རྟོག་པ་ཡོད་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་རྟོག་པ་ཡོད་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པ་ཆོས་ཅན། བུམ་པ་སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་རྟོག་པའི་ཞེན་ཡུལ་མ་ཡིན་པར་ཐལ། བུམ་པ་སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་རྟོག་པའི་ཤུགས་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཁྱོད་སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་རྟོག་པའི་ཤུགས་ཡུལ་ཡིན་པར་ཐལ། ཁྱོད་བུམ་པ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། ཡིད་ཤེས་ཡིན་ན། ཡིད་ཡིན་པས་ཁྱབ་ཟེར་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། ཡིད་ཡིན་པར་ཐལ། ཡིད་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། ཡིད་ཤེས་ཡིན་པར་ཐལ། རང་རིག་ཡིན་པའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཆོས་ཅན། ཁྱོད་ཉམས་མྱོང་གི་རང་རིག་དེ་རང་རིག་ཡིན་པར་ཐལ། ཁྱོད་ཉམས་མྱོང་གི་རང་རིག་ཡོད་པའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཆོས་ཅན། ཁྱོད་ཉམས་མྱོང་གི་རང་རིག་ཡོད་པར་ཐལ། ཁྱོད་གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། ཡིད་མ་ཡིན་པར་ཐལ། རྣམ་ཤེས་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་དོན་གཅིག་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། རྣམ་ཤེས་མ་ཡིན་པར་ཐལ། སེམས་མ་ཡིན་པའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། སེམས་མ་ཡིན་པར་ཐལ། སེམས་དང་སེམས་བྱུང་གང་རུང་མ་ཡིན་པའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། སེམས་དང་སེམས་བྱུང་གང་རུང་མ་ཡིན་པར་ཐལ། རང་རིག་ཡིན་པའི་ཕྱིར།
གཞན་ཡང། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་ཆོས་ཅན། ཡིད་ཡིན་པར་ཐལ། ཡིད་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་བའི་ཚོར་བ་ཆོས་ཅན། ཡིད་ཤེས་ཡིན་པར་ཐལ། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་བའི་སེམས་བྱུང་ཡིན་པའི་ཕྱིར། མ་ཁྱབ་ཟེར་ན། ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ཀྱི་འཁོར་དུ་གྱུར་བའི་སེམས་བྱུང་ཡིན་ན་ཡིད་ཤེས་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། ཤེས་པ་ཡིན་ན་ཚད་མ་ཡིན་པས་ཁྱབ་ཟེར་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། ཤེས་པ་ཡིན་པར་ཐལ། དབང་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ལོག་ཤེས་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། ཚད་མ་ཡིན་ན་མངོན་སུམ་གྱི་ཚད་མ་ཡིན་པས་ཁྱབ་ཟེར་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། མངོན་སུམ་གྱི་ཚད་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། མངོན་སུམ་གྱི་ཚད་མ་མ་ཡིན་པར་ཐལ། མངོན་སུམ་མ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། མངོན་སུམ་མ་ཡིན་པར་ཐལ། རྟོག་བྲལ་གྱི་ཤེས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། རྟོག་བྲལ་གྱི་ཤེས་པ་མ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། དེར་ཐལ། རྗེས་དཔག་ཡིན་པའི་ཕྱིར།
རང་གི་ལུགས་ལ། ཡུལ་གྱི་མཚན་ཉིད་ཡོད་དེ། ཚད་མས་གཞལ་བར་བྱ་བ་དེ་ཡིན་པའི་ཕྱིར། ཡུལ་དང་ཡོད་པ་དང་གཞལ་བྱ་རྣམས་དོན་གཅིག ཡུལ་ལ་དབྱེ་ན་གཉིས་ཡོད་དེ། དངོས་པོ་དང་རྟག་པ་གཉིས་ཡོད་པའི་ཕྱིར། དངོས་པོ་ལ་དབྱེ་ན་ལྔ་ཡོད་དེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་དང་ལྔ་ཡོད་པའི་ཕྱིར། གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཡོད་དེ། རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རུང་དེ་ཡིན་པའི་ཕྱིར། གཟུགས་ཀྱི་ཕུང་པོ་དང་གཟུགས་གཉིས་དོན་གཅིག གཟུགས་ཀྱི་ཕུང་པོ་ལ་དབྱེ་ན་གཉིས་ཡོད་དེ། ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས་ཡོད་པའི་ཕྱིར། ཕྱིའི་གཟུགས་ལ་དབྱེ་ན། གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་ལྔ་དང་། ནང་གི་གཟུགས་ལ་དབྱེ་ན་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་ལྔ་ཡོད་པའི་ཕྱིར། ཚོར་བའི་ཕུང་པོའི་མཚན་ཉིད་ཡོད་དེ། རང་གི་ཆ་དུ་མ་འདུས་པ་གང་ཞིག རང་ཡུལ་རང་སྟོབས་ཀྱིས་མྱོང་བའི་སེམས་བྱུང་མྱོང་བ་དེ་ཡིན་པའི་ཕྱིར། ཚོར་བའི་ཕུང་པོ་དང་ཚོར་བ་གཉིས་དོན་གཅིག ཚོར་བའི་ཕུང་པོ་ལ་དབྱེ་ན་དྲུག་ཡོད་དེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་དྲུག་ཡོད་པའི་ཕྱིར། རྒྱས་པར་དབྱེ་ན། བཅོ་བརྒྱད་ཡོད་དེ། དེ་དྲུག་པོ་རེ་རེ་ལ་དབྱེ་ན་བདེ་སྡུག་བཏང་སྙོམས་གསུམ་གསུམ་ཡོད་པའི་ཕྱིར། འདུ་ཤེས་ཀྱི་ཕུང་པོའི་མཚན་ཉིད་ཡོད་དེ། རང་ཡུལ་རང་སྟོབས་ཀྱིས་མཚན་མར་འཛིན་པའི་ཆ་ནས་བཞག་པའི་སེམས་བྱུང་གང་ཞིག རང་གི་ཆ་དུ་མ་འདུས་པ་དེ་ཡིན་པའི་ཕྱིར། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་ཤེས་གཉིས་དོན་གཅིག དབྱེ་ན་གཉིས་ཡོད་དེ། མཚན་མར་འཛིན་པའི་འདུ་ཤེས་དང་། བཀྲ་བར་འཛིན་པའི་འདུ་ཤེས་གཉིས་ཡོད་པའི་ཕྱིར། མཚན་མར་འཛིན་པའི་འདུ་ཤེས་བཞག་ཏུ་ཡོད་དེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ཏེ་ལྔ་པོ་དེ་ཡིན་པའི་ཕྱིར། བཀྲ་བར་འཛིན་པའི་འདུ་ཤེས་བཞག་ཏུ་ཡོད་དེ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དེ་ཡིན་པའི་ཕྱིར། འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་ཡོད་དེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། རྣམ་པར་ཤེས་པ་བཞི་པོ་གང་རུང་མ་ཡིན་པར་གྱུར་པའི་དངོས་པོ་གང་ཞིག་རང་གི་ཆ་དུ་མ་འདུས་པ་དེ་ཡིན་པའི་ཕྱིར། འདུ་བྱེད་ཀྱི་ཕུང་པོ་དང་འདུ་བྱེད་གཉིས་དོན་གཅིག འདུ་བྱེད་དབྱེ་ན་གཉིས་ཡོད་དེ། ལྡན་མིན་འདུ་བྱེད་དང་མཚུངས་ལྡན་འདུ་བྱེད་གཉིས་ཡོད་པའི་ཕྱིར། ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་ཡོད་དེ། འདུ་བྱེད་གང་ཞིག་རང་དང་མཚུངས་ལྡན་མེད་པས་རབ་ཏུ་ཕྱེ་བ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། དངོས་པོ་དེ་ཡིན་པའི་ཕྱིར། མཚུངས་ལྡན་འདུ་བྱེད་ཀྱི་མཚན་ཉིད་ཡོད་དེ། འདུ་བྱེད་གང་ཞིག་རང་དང་མཚུངས་ལྡན་ཡོད་པས་རབ་ཏུ་ཕྱེ་བ་དེ་ཡིན་པའི་ཕྱིར། མཚུངས་ལྡན་འདུ་བྱེད་ལ་དབྱེ་ན། སེམས་བྱུང་ཞེ་དགུ་ཡོད་དེ། ཚོར་བ་དང་འདུ་ཤེས་གཉིས་པོ་ལས་གཞན་པའི་སེམས་བྱུང་ཐམས་ཅད་པོ་མཚུངས་ལྡན་འདུ་བྱེད་ཡིན་པའི་ཕྱིར། རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་ཡོད་དེ། རང་གི་འཁོར་དུ་སོང་བའི་སེམས་བྱུང་ཡོད་པའི་གཞན་རིག་གི་ཤེས་པ་ཡིན་པ་གང་ཞིག་རང་གི་ཆ་དུ་མ་འདུས་པ་དེ་ཡིན་པའི་ཕྱིར། རྣམ་པར་ཤེས་པའི་ཕུང་པོ་དང་། རྣམ་ཤེས་དང་། སེམས་དང་། ཡིད་རྣམས་དོན་གཅིག རྣམ་པར་ཤེས་པའི་ཕུང་པོ་ལ་དབྱེ་ན་དྲུག་ཡོད་དེ། མིག་གི་རྣམ་པར་ཤེས་པ་ནས་བཟུང་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་ཡོད་པའི་ཕྱིར། ཡུལ་ཅན་གྱི་མཚན་ཉིད་ཡོད་དེ། རང་ཡུལ་ལ་འཇུག་པའི་ཆོས་དེ་ཡིན་པའི་ཕྱིར། ཡུལ་ཅན་ལ་དབྱེ་ན་གསུམ་ཡོད་དེ། ཤེས་པ་དང་གཟུགས་སུ་གྱུར་པའི་ཡུལ་ཅན་དང་ལྡན་མིན་འདུ་བྱེད་དུ་གྱུར་པའི་ཡུལ་ཅན་དང་གསུམ་ཡོད་པའི་ཕྱིར། ཤེས་པའི་མཚན་ཉིད་ཡོད་དེ། གསལ་ཞིང་རིག་པ་དེ་ཡིན་པའི་ཕྱིར། ཤེས་པ་དང་བློ་གཉིས་དོན་གཅིག ཤེས་པ་ལ་དབྱེ་ན་གཉིས་ཡོད་དེ། རང་རིག་དང་གཞན་རིག་གཉིས་ཡོད་པའི་ཕྱིར། རང་རིག་གི་མཚན་ཉིད་ཡོད་དེ། འཛིན་རྣམ་དེ་ཡིན་པའི་ཕྱིར། རང་རིག་དང་རང་རིག་མངོན་སུམ་གཉིས་དོན་གཅིག མཚན་གཞི་ནི་ཡོད་དེ། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་དེ་ཡིན་པའི་ཕྱིར། གཞན་རིག་གི་ཤེས་པ་ལ་དབྱེ་ན་གཉིས་ཡོད་དེ། སེམས་དང་སེམས་བྱུང་གཉིས་ཡོད་པའི་ཕྱིར། སེམས་ཀྱི་མཚན་ཉིད་སྔར་བཤད་ཟིན་ཏོ། ། སེམས་བྱུང་གི་མཚན་ཉིད་ཡོད་དེ། རང་འཁོར་དུ་འགྲོ་ཡུལ་གྱི་སེམས་ཡོད་པའི་ཤེས་པ་དེ་ཡིན་པའི་ཕྱིར། སེམས་བྱུང་ལ་དབྱེ་ན་ལྔ་བཅུ་ང་གཅིག་ཡོད་དེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། དགེ་བ་བཅུ་གཅིག གཞན་འགྱུར་བཞི་ཡོད་པའི་ཕྱིར། ཀུན་འགྲོ་ལྔ་འདྲེན་ཚུལ་ཡོད་དེ། ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་བྱེད་དང་ལྔ་བོ་དེ་འདྲེན་པའི་ཕྱིར། ཡུལ་ངེས་ལྔ་འདྲེན་ཚུལ་ཡོད་དེ། འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་དང་ལྔ་བོ་དེ་འདྲེན་པའི་ཕྱིར། རྩ་ཉོན་དྲུག་འདྲེན་ཚུལ་ཡོད་དེ། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དང་དྲུག་པོ་དེ་འདྲེན་པའི་ཕྱིར། ལྟ་བ་ལ་དབྱེ་ན་ལྔ་ཡོད་དེ། འཇིག་ལྟ་དང་། མཐར་ལྟ་དང་། ལོག་ལྟ་དང་། ལྟ་བ་མཆོག་འཛིན་གྱི་ལྟ་བ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང་ལྔ་ཡོད་པའི་ཕྱིར། ཉེ་ཉོན་ཉི་ཤུ་འདྲེན་ཚུལ་ཡོད་དེ། བཅུ་ཚན་དང་པོ་དང་། བཅུ་ཚན་གཉིས་པ་གཉིས་འདྲེན་ཚུལ་ཡོད་པའི་ཕྱིར། བཅུ་ཚན་དང་པོ་འདྲེན་ཚུལ་ཡོད་དེ། ཁྲོ་བ་དང་། འཁོན་འཛིན་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་བཅུ་པོ་དེ་འདྲེན་པའི་ཕྱིར། བཅུ་ཚན་གཉིས་པ་འདྲེན་ཚུལ་ཡོད་དེ། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུག་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངེས་དང་། ཤེས་བཞིན་མ་ཡིན་པ་དང་། རྣམ་གཡེང་དང་། བཅུ་བོ་དེ་འདྲེན་པའི་ཕྱིར། དགེ་བ་བཅུ་གཅིག་འདྲེན་ཚུལ་ཡོད་དེ། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། དད་པ་དང་། ཤིན་སྦྱངས་དང་། ་ བག་ཡོད་དང་།་་ བཏང་སྙོམས་དང་། བརྩོན་འགྲུས་དང་། རྣམ་པར་མི་འཚེ་བ་དང་བཅུ་གཅིག་པོ་དེ་འདྲེན་པའི་ཕྱིར། གཞན་འགྱུར་བཞི་འདྲེན་ཚུལ་ཡོད་དེ། རྟོག་དཔྱོད་གཉིས་དང་། གཉིད་དང་། འགྱོད་པ་དང་། བཞི་པོ་དེ་འདྲེན་དགོས་པ་ཡིན་པའི་ཕྱིར། ལྡན་མིན་འདུ་བྱེད་དུ་གྱུར་པའི་ཡུལ་ཅན་བཞག་ཏུ་ཡོད་དེ། གང་ཟག་དེ་ཡིན་པའི་ཕྱིར། གཟུགས་སུ་གྱུར་བའི་ཡུལ་ཅན་བཞག་དུ་ཡོད་དེ། མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་ལྔ་པོ་དེ་ཡིན་པའི་ཕྱིར། ཤེས་པ་ལ་དབྱེ་ན་གཉིས་ཡོད་དེ། ཚད་མ་དང་ཚད་མིན་གྱི་བློ་གཉིས་ཡོད་པའི་ཕྱིར། ཚད་མའི་མཚན་ཉིད་ཡོད་དེ། གསར་དུ་མི་བསླུ་པའི་རིག་པ་དེ་ཡིན་པའི་ཕྱིར། ཚད་མ་ལ་དབྱེ་ན་གཉིས་ཡོད་དེ། མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས་ཡོད་པའི་ཕྱིར། མངོན་སུམ་གྱི་ཚད་མའི་མཚན་ཉིད་ཡོད་དེ། རྟོག་པ་དང་བྲལ་ཞིང་གསར་དུ་མི་བསླུ་བའི་རིག་པ་དེ་ཡིན་པའི་ཕྱིར། མངོན་སུམ་གྱི་ཚད་མ་ལ་དབྱེ་ན་དྲུག་ཡོད་དེ། མིག་ཤེས་སུ་གྱུར་བའི་མངོན་སུམ་གྱི་ཚད་མ་ནས་བཟུང་སྟེ། ཡིད་ཤེས་སུ་གྱུར་བའི་མངོན་སུམ་གྱི་ཚད་མའི་བར་དྲུག་ཡོད་པའི་ཕྱིར། རྗེས་དཔག་གི་ཚང་མའི་མཚན་ཉིད་ཡོད་དེ། གསར་དུ་མི་བསླུ་བའི་རིག་པ་གང་ཞིག་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དེ་ཡིན་པའི་ཕྱིར། རྗེས་དཔག་ལ་དབྱེ་ན་གསུམ་ཡོད་དེ། དངོས་སྟོབས་ཀྱི་རྗེས་དཔག་དང་། གྲགས་པའི་རྗེས་དཔག་དང་། ཡིད་ཆེས་ཀྱི་རྗེས་དཔག་དང་གསུམ་ཡོད་པའི་ཕྱིར། དངོས་སྟོབས་ཀྱི་རྗེས་དཔག་བཞག་ཏུ་ཡོད་དེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་ཡིན་པའི་ཕྱིར། གྲགས་པའི་རྗེས་དཔག་བཞག་ཏུ་ཡོད་དེ། རི་བོང་ཅན་ཟླ་བ་ཞེས་བརྗོད་པའི་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་དེ་ཡིན་པའི་ཕྱིར། ཡིད་ཆེས་ཀྱི་རྗེས་དཔག་བཞག་ཏུ་ཡོད་དེ། ལུང་གི་ཚད་མ་དེ་ཡིན་པའི་ཕྱིར། ཚད་མིན་གྱི་བློ་ལ་དབྱེ་ན་གསུམ་ཡོད་དེ། མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་ཡོད་པའི་ཕྱིར། མ་རྟོགས་བཞག་ཏུ་ཡོད་དེ། སྣང་ལམ་ངེས་པའི་བློ་ཐམས་ཅད་པོ་དེ་ཡིན་པའི་ཕྱིར། ལོག་རྟོག་ལ་དབྱེ་ན་གཉིས་ཡོད་དེ། རྟོག་པར་གྱུར་པའི་ལོག་ཤེས་དང་རྟོག་མིན་ལོག་ཤེས་གཉིས་ཡོད་པའི་ཕྱིར། རྟོག་པར་གྱུར་བའི་ལོག་ཤེས་བཞག་ཏུ་ཡོད་དེ། སྒྲ་རྟག་འཛིན་རྟོག་པ་དང་། གང་ཟག་གི་བདག་འཛིན་ལྟ་བུ་དེ་ཡིན་པའི་ཕྱིར། རྟོག་མིན་ལོག་ཤེས་བཞག་ཏུ་ཡོད་དེ། གངས་རི་སྔོན་པོར་སྣང་བའི་དབང་ཤེས་དང་སྨིག་རྒྱུ་ཆུར་སྣང་བའི་དབང་ཤེས་རེ་རེ་ནས་དེ་ཡིན་པའི་ཕྱིར། ཐེ་ཚོམ་བཞག་ཏུ་ཡོད་དེ། སྒྲ་རྟག་གམ་མི་རྟག་སྙམ་པའི་ཐེ་ཚོམ་དེ་ཡིན་པའི་ཕྱིར། མངོན་གྱུར་གྱི་མཚན་ཉིད་ཡོད་དེ། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དེ་ཡིན་པའི་ཕྱིར། མངོན་གྱུར་དང་དངོས་པོ་གཉིས་དོན་གཅིག་ལྐོག་གྱུར་གྱི་མཚན་ཉིད་ཡོད་དེ། རྗེས་དཔག་གི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དེ་ཡིན་པའི་ཕྱིར།
དེ་ལ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མངོན་གྱུར་ཡིན་པར་ཐལ། མངོན་སུམ་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། རྣམ་མཁྱེན་གྱིས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྣམ་མཁྱེན་གྱིས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། རྣམ་མཁྱེན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། མ་གྲུབ་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྣམ་མཁྱེན་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། རྣམ་མཁྱེན་གྱི་གཞལ་བྱ་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། མངོན་གྱུར་མ་ཡིན་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། སྒྲ་མི་རྟག་པ་ཆོས་ཅན། ལྐོག་གྱུར་ཡིན་པར་ཐལ། རྗེས་དཔག་གི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པ་ཆོས་ཅན། རྗེས་དཔག་གི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་ཁྱོད་རྟོགས་པའི་རྗེས་དཔག་གི་ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡིན་པར་ཐལ། ཁྱོད་རྟོགས་པའི་རྗེས་དཔག་གི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་རྟོགས་པའི་རྗེས་དཔག་གི་ཚད་མ་ཡོད་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། གོང་དུ་འདོད་ན། སྒྲ་མི་རྟག་པ་ཆོས་ཅན། མངོན་གྱུར་མ་ཡིན་པར་ཐལ། ལྐོག་གྱུར་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། མངོན་གྱུར་ཡིན་པར་ཐལ། དངོས་བོ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། སྒྲ་མི་རྟག་པ་ཆོས་ཅན། མངོན་དུ་མ་གྱུར་བར་ཐལ། ལྐོག་གྱུར་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། སྒྲ་མི་རྟག་པ་ཆོས་ཅན། ལྐོག་གྱུར་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར།
ཁ་ཅིག་ན་རེ། བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། ཚད་མ་ཡིན་པར་ཐལ། ལུང་གི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། ལུང་གི་ཚད་མ་ཡིན་པར་ཐལ། ཁྱོད་ལུང་ཚད་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ལུང་ཚད་མ་ཡིན་པར་ཐལ། ཁྱོད་བསྟན་བཅོས་རྣམ་དག་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། རི་བོང་རྭ་ཆོས་ཅན། ལྐོག་གྱུར་ཡིན་པར་ཐལ། རྗེས་དཔག་གི་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། རྗེས་དཔག་གི་ཚད་མའི་གཞལ་བྱ་ཡིན་པར་ཐལ། རྗེས་དཔག་ཚད་མའི་གཞལ་བྱ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། རི་བོང་རྭ་ཆོས་ཅན། རྗེས་དཔག་ཚད་མའི་གཞལ་བྱ་ཡིན་པར་ཐལ། རྗེས་དཔག་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། རྗེས་དཔག་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པར་ཐལ། རྗེས་དཔག་ཡོད་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། རྗེས་དཔག་ཡོད་པས། གང་ཟག་གི་བདག་མེད་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། བུམ་པའི་དོན་སྤྱི་ཆོས་ཅན། བུམ་འཛིན་རྟོག་པས་བཟུང་བར་ཐལ། བུམ་འཛིན་རྟོག་པའི་བཟུང་ཡུལ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། བུམ་པའི་དོན་སྤྱི་ཆོས་ཅན། བུམ་འཛིན་རྟོག་པའི་བཟུང་ཡུལ་ཡིན་པར་ཐལ། བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར། གོང་དུ་འདོད་ན། བུམ་འཛིན་རྟོག་པ་ཆོས་ཅན། ཁྱོད་ཀྱིས་བུམ་པའི་དོན་སྤྱི་མ་བཟུང་བར་ཐལ། ཁྱོད་བུམ་པ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར།།
རྩོམ་སྒྲིག་པ། བློ་བཟང་བཀྲ་ཤིས།