བསེ་བསྡུས་ལས་སྤྱི་བྱེ་བྲག་གི་རྣམ་བཞག །

སྤེལ་དུས།  2021-09-15   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

སྤྱི་དང་བྱེ་བྲག་གི་རྣམ་བཞག་བཤད་པ་ལ།

ཁ་ཅིག་ན་རེ།  བདག་མེད་ཡིན་ན་སྤྱི་དང་བྱེ་བྲག་གང་རུང་ཡིན་པས་ཁྱབ་ཟེར་ན།  རི་བོང་རྭ་ཆོས་ཅན།  སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ།  བདག་མེད་ཡིན་པའི་ཕྱིར།  ཁྱབ་པ་ཁས།  འདོད་ན།  རི་བོང་རྭ་ཆོས་ཅན།   ཡོད་པར་ཐལ།  སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྤྱི་དང་བྱེ་བྲག་གང་རུང་ཡིན་ན་ཡོད་པས་ཁྱབ་པའི་ཕྱིར། མ་གྲུབ་ན། སྤྱི་དང་བྱེ་བྲག་གང་རུང་ཡིན་ན་ཡོད་པས་ཁྱབ་པར་ཐལ། སྤྱི་ཡིན་ན་ཡོད་པས་ཁྱབ་པ་གང་ཞིག  བྱེ་བྲག་ཡིན་ན་ཡོད་པས་ཁྱབ་པའི་ཕྱིར།  རྟགས་རེ་རེ་ནས་སླ།  

ཁ་ཅིག་ན་རེ།  སྤྱི་ཡིན་ན་བྱེ་བྲག་མ་ཡིན་པས་ཁྱབ་ཟེར་ན།  དངོས་པོ་ཆོས་ཅན། བྱེ་བྲག་མ་ཡིན་པར་ཐལ།  སྤྱི་ཡིན་པའི་ཕྱིར།  ཁྱབ་པ་ཁས།  མ་གྲུབ་ན།  དངོས་པོ་ཆོས་ཅན།   སྤྱི་ཡིན་པར་ཐལ།  ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར།  མ་གྲུབ་ན།  དངོས་པོ་ཆོས་ཅན།  ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ།  བུམ་པ་དེ་ཡིན་པའི་ཕྱིར།  མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་དངོས་པོའི་བྱེ་བྲག་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན།  ཁྱོད་དངོས་པོ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་དངོས་པོ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་པོ་ཡིན་པར་ཐལ།  མི་རྟག་པ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་པོ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། དངོས་པོ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད་དངོས་པོ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་པོ་དང་བདག་ཉིད་གཅིག་ཡིན་པར་ཐལ། བུམ་པ་དང་གཅིག་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་པོ་དང་ཐ་དད་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་པོ་མེད་ན་ཁྱོད་མེད་དགོས་པ་ཐལ། དངོས་པོ་མེད་ན་གང་དྲན་དྲན་ཡིན་དགོས་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་མ་ཡིན་ཞིང་དངོས་པོ་ཡིན་པའི་གཞི་མ་ཐུན་པ་དུ་མ་གྲུབ་པར་ཐལ། ཙནྡན་གྱི་ཀྭ་བ་དེ་ཡང་དེ་ཡིན། ཤུག་པའི་ཀྭ་བ་དེ་ཡང་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དངོས་པོ་ཆོས་ཅན། བྱེ་བྲག་ཡིན་པར་ཐལ། ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། ཁོད་ཤེས་བྱ་ཡིན་ཁྱོད་ཤེས་བྱ་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།  རྟགས་དང་པོ་མ་གྲུབ་ན། དངོས་པོ་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཤེས་བྱ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། ཤེས་བྱ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད་ཤེས་བྱ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དངོས་པོ་ཆོས་ཅན། ཤེས་བྱ་དང་བདག་ཉིད་གཅིག་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཤེས་བྱ་དང་ཐ་དད་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར།   རྟགས་གསུམ་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཤེས་བྱ་མེད་ན་ཁྱོད་མེད་དགོས་པར་ཐལ། ཤེས་བྱ་མེད་ན་གང་དྲན་དྲན་ཡིན་དགོས་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན།  དངོས་པོ་ཆོས་ཅན།  ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  རྟག་པ་དེ་ཡང་དེ་ཡིན།  ཡོད་པ་དེ་ཡང་དེ་ཡིན་པའི་ཕྱིར།  

ཁ་ཅིག་ན་རེ།  དངོས་པོའི་སྦྱི་ཡིན་ན།  དོན་བྱེད་ནུས་པའི་སྦྱི་ཡིན་པས་ཁྱབ་ཟེར་ན།  མཚོན་བྱ་ཆོས་ཅད། དོན་བྱེད་ནུས་པའི་སྦྱི་ཡིན་པར་ཐལ།  དངོས་པོའི་སྦྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། མཚོན་བྱ་ཆོས་ཅན། དངོས་པོའི་སྦྱི་ཡིན་པར་ཐལ། དངོས་པོ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་མཚོན་བྱའི་བྱེ་བྲག་ཡིན་པར་ཐལ།  ཁྱོད་མཚོན་བྱ་ཡིན། ཁྱོད་མཚོན་བྱ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་མཚོན་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དངོས་པོ་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། རྟགས་སླ། རྟགས་གཉིས་པ་མ་གྲུབ་ན། དངོས་པོ་ཆོས་ཅན། མཚོན་བྱ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། མཚོན་བྱ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད། མཚོན་བྱ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དངོས་པོ་ཆོས་ཅན། མཚོན་བྱ་དང་བདག་ཉིད་གཅིག་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོ་ཆོས་ཅན། མཚོན་བྱ་དང་ཐ་དད་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། དངོས་པོ་ཆོས་ཅན། མཚོན་བྱ་མེད་ན་ཁྱོད་མེད་དགོས་པར་ཐལ། མཚོན་བྱ་མེད་ན་གང་དྲན་དྲན་ཡིན་དགོས་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་མ་ཡིན་ཞིང་མཚོན་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཤེས་བྱ་དེ་ཡང་དེ་ཡིན།  ཡོད་པ་དེ་ཡང་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། མཚོན་བྱ་ཆོས་ཅན། དོན་བྱེད་ནུས་པ་ཁྱོད་ཀྱི་བྱེ་བྲག་ཡིན་པར་ཐལ། ཁྱོད་དོན་བྱེད་ནུས་པའི་སྤྱི་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དོན་བྱེད་ནུས་པ་ཆོས་ཅན། ཁྱོད་མཚོན་བྱ་ཡིན་པར་ཐལ།  ཁྱོད་མཚོན་བྱ་ཡིན་ཁྱོད་མཚོན་བྱ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་མཚོན་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།  རྟགས་ཁས།  འདོད་ན། དོན་བྱེད་ནུས་པ་ཆོས་ཅན། མཚན་ཉིད་མ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། དངོས་པོའི་སྤྱི་ཡིན་ན་མི་རྟག་པའི་སྤྱི་ཡིན་པས་ཁྱབ་ཟེར་ན། མི་རྟག་པ་དང་ཐ་དད་ཆོས་ཅན། མི་རྟག་པའི་སྤྱི་ཡིན་པར་ཐལ། དངོས་པོའི་སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། མི་རྟག་པ་དང་ཐ་དད་ཆོས་ཅན། དངོས་པོའི་སྤྱི་ཡིན་པར་ཐལ། དངོས་པོ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་མི་རྟག་པ་དང་ཐ་དད་ཀྱི་བྱེ་བྲག་ཡིན་པར་ཐལ།  ཁྱོད་མི་རྟག་པ་དང་ཐ་དད་ཡིན། ཁྱོད་མི་རྟག་པ་དང་ཐ་དད་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་མི་རྟག་པ་དང་ཐ་དད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དངོས་པོ་ཆོས་ཅན། མི་རྟག་པ་དང་ཐ་དད་ཡིན་པར་ཐལ།  ཡོད་པ་གང་ཞིག་མི་རྟག་པ་དང་གཅིག་མ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོ་ཆོས་ཅན། མི་རྟག་པ་དང་ཐ་དད་དང་བདག་གཅིག་འབྲེལ་ཡིན་པར་ཐལ། མི་རྟག་པ་དང་ཐ་དད་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད། མི་རྟག་པ་དང་ཐ་དད་མེད་ན་ཁོད་མེད་དགོས་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་མ་ཡིན་ཞིང་། མི་རྟག་པ་དང་ཐ་དད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། མཚན་ཉིད་དེ་ཡང་དེ་ཡིན། མཚོན་བྱ་དེ་ཡང་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། མི་རྟག་པ་དང་ཐ་དད་ཆོས་ཅན། མི་རྟག་པའི་སྦྱི་མ་ཡིན་པར་ཐལ། མི་རྟག་པ་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། མི་རྟག་པ་དང་ཐ་དད་ཀྱི་བྱེ་བྲག་མ་ཡིན་པར་ཐལ། མི་རྟག་པ་དང་ཐ་དད་མ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན༑ ཁྱོད་ཁྱོད་དང་ཐ་དད་མ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། སྤྱིའི་སྤྱི་ཡང་ཡིན།  བྱེ་བྲག་གི་བྱེ་བྲག་ཡང་ཡིན་པའི་གཞི་མཐུན་པ་མེད་ཟེར་ན།  དེ་ཡོད་པར་ཐལ། རྟག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་སྤྱིའི་སྤྱི་ཡང་ཡིན། བྱེ་བྲག་གི་བྱེ་བྲག་ཀྱང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་སྤྱིའི་སྤྱི་ཡིན་པ་གང་ཞིག  བྱེ་བྲག་གི་བྱེ་བྲག་ཡང་ཡིན་པའི་ཕྱིར། རྟགས་དང་བོ་མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་སྤྱིའི་སྤྱི་ཡིན་པར་ཐལ།  སྤྱི་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། སྤྱི་ཆོས་ཅན། ཁྱོད་རྟག་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་རྟག་པ་ཡིན། ཁྱོད་རྟག་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་བོ་སླ། གཉིས་པ་མ་གྲུབ་ན། སྤྱི་ཆོས་ཅན། རྟག་པར་དང་བདག་གཅིག་འབྲེལ་ཡིན་པར་ཐལ། རྟག་པ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དང། རྟག་པ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། སྤྱི་ཆོས་ཅན། ཁྱོད་མ་ཡིན་ཞིང་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། རྟག་དངོས་གཉིས་དེ་ཡང་དེ་ཡིན། མཚན་མཚོན་གཉིས་དེ་ཡང་དེ་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། རྟག་པ་ཆོས་ཅན། བྱེ་བྲག་གི་བྱེ་བྲག་ཡིན་པར་ཐལ། ཁྱོད་བྱེ་བྲག་ཡིན། ཁྱོད་བྱེ་བྲག་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་བྱེ་བྲག་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རྟག་པ་ཆོས་ཅན། བྱེ་བྲག་ཡིན་པར་ཐལ། ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཤེས་བྱ་ཡིན། ཁྱོད་ཤེས་བྱ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་རེ་རེ་ནས་སླ།  རྟགས་གཉིས་པ་མ་གྲུབ་ན། རྟག་པ་ཆོས་ཅན། བྱེ་བྲག་དང་བདག་གཅིག་འབྲེལ་ཡིན་པར་ཐལ། བྱེ་བྲག་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད་བྱེ་བྲག་མེད་ན་ཁྱོད་མེད་དགོས་པའི་ཕྱིར། དེའི་རྟགས་གསུམ་བ་མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་མ་ཡིན་ཞིང་བྱེ་བྲག་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  བུམ་པ་དེ་ཡང་དེ་ཡིན། ཀྭ་བ་དེ་ཡང་དེ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་མེད་ཟེར་ན། དེ་ཡོད་པར་ཐལ། རྟག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡིན་པར་ཐལ། ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་ཡིན་པ་གང་ཞིག་ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་ཡིན་པར་ཐལ། རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པའི་སྤྱི་དད་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན། ཁྱོད་རྟག་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་རྟག་པ་ཡིན། ཁྱོད་རྟག་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན། ཁྱོད་རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག་དངོས་པོ་མ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན། རྟག་པ་དང་བདག་གཅིག་འབྲེལ་ཡིན་པར་ཐལ།   རྟག་པ་དང་བདག་ཉིད་གཅིག་གི་སྒོ་ནས་ཐ་དད། རྟག་པ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་མ་ཡིན་ཞིང། རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་ཡང་ཡིན། རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། མ་གྲུབ་ན། རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་ཡང་ཡིན། རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། སྤྱི་དེ་ཡང་དེ་ཡིན། བྱེ་བྲག་དེ་ཡང་དེ་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཡིན། ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་ཁྱོད་ཀྱི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། རྟགས་གཉིས་པ་སླ། རྟགས་གསུམ་པ་མ་གྲུབ་ན། རྟག་པ་ཆོས་ཅན། ཁྱོད་མ་ཡིན་ཞིང་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། གཟུགས་དེ་ཡང་དེ་ཡིན།  སྒྲ་དེ་ཡང་དེ་ཡིན་པའི་ཕྱིར།

 ཁ་ཅིག་ན་རེ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡོད་ཟེར་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་མེད་པར་ཐལ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་མེད་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་མེད་པར་ཐལ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་བྱེ་བྲག་མ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་བྱེ་བྲག་མ་ཡིན་པར་ཐལ།   དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཤེས་བྱའི་བྱེ་བྲག་མ་ཡིན་པའི་ཕྱིར།   མ་གྲུབ་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན། ཤེས་བྱའི་བྱེ་བྲག་མ་ཡིན་པར་ཐལ། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་མ་གྲུབ་པའི་ཕྱིར། མ་གྲུབ་ན། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་མ་ཡིན་ཞིང། ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་མ་གྲུབ་པར་ཐལ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་ཡང་ཡིན། ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་མ་གྲུབ་པའི་ཕྱིར།

ཁ་ཅིག་ན་རེ། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མེད་ཟེར་ན། དེ་ཡོད་པར་ཐལ། དངོས་པོ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། རྟགས་གཉིས་པ་སླ། རྟགས་གསུམ་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་མ་ཡིན་ཞིང། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། གང་ཟག་གི་བདག་མེད་དེ་ཡང་དེ་ཡིན་ཡོད་པ་དེ་ཡང་དེ་ཡིན་པའི་ཕྱིར།

 ཁ་ཅིག་ན་རེ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་པའི་གཞི་མཐུན་མེད་ཟེར་ན། དེ་ཡོད་པར་ཐལ། སྤྱི་དེ་ཡིན་པའི་ཕྱིར་མ་གྲུབ་ན། སྤྱི་ཆོས་ཅན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡིན་པར་ཐལ། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པ་གང་ཞིག  ་ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡིན་པར་ཐལ།   ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པ་གང་ཞིག   ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྤྱི་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པར་ཐལ།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཆོས་ཅན། ཁྱོད་སྤྱིའི་བྱེ་བྲག་ཡིན་པར་ཐལ༑ ཁྱོད་སྤྱི་ཡིན་ཁྱོད་སྤྱི་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་སྤྱི་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་གཉིས་རེ་རེ་ནས་སླ། རྟགས་གསུམ་པ་མ་གྲུབ་ན། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མ་ཡིན་ཞིང། སྤྱི་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཡོད་པ་དེ་ཡང་དེ་ཡིན། ཚད་མའི་དམིགས་པ་དེ་ཡང་དེ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཡོད་པ་ཆོས་ཅན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མ་ཡིན་ཞིང་།  སྤྱི་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡང་ཡིན། སྤྱི་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་ཆོས་ཅན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡང་ཡིན། སྤྱི་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པ་གང་ཞིག  སྤྱི་ཡང་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཡོད་པ་ཆོས་ཅན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པ་ཆོས་ཅན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པར་ཐལ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཆོས་ཅན། ཁྱོད་ཡོད་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཡོད་པ་ཡིན། ཁྱོད་ཡོད་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཡོད་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་གཉིས་རེ་རེ་ནས་སླ། རྟགས་གསུམ་པ་མ་གྲུབ་ན། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མ་ཡིན་ཞིང། ཡོད་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། བྱས་པ་དེ་ཡང་དེ་ཡིན། དངོས་པོ་དེ་ཡང་དེ་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། སྤྱི་ཆོས་ཅན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྤྱི་ཆོས་ཅན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པར་ཐལ། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་མ་ཡིན་པ་གང་ཞིག  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྤྱི་ཆོས་ཅན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་མ་ཡིན་པར་ཐལ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཆོས་ཅན། ཁྱོད་སྤྱིའི་བྱེ་བྲག་མ་ཡིན་པར་ཐལ། ཁྱོད་སྤྱི་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཆོས་ཅན། ཁྱོད་སྤྱི་མ་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར། དེར་ཐལ། བྱེ་བྲག་ཡིན་ན་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པས་ཁྱབ་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། སྤྱི་ཆོས་ཅན།

ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མ་ཡིན་པར་ཐལ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་གི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། སྤྱི་ཆོས་ཅན། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་གི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཤེས་བྱའི་སྤྱི་བྱེ་བྲག་གང་རུང་ཡང་ཡིན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྤྱི་ཆོས་ཅན། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ། ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། སྤྱི་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། བྱེ་བྲག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བྱེ་བྲག་དང་ཤེས་བྱའི་བྱེ་བྲག་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། སྤྱི་ཆོས་ཅན། ཁྱོད་མ་ཡིན་ཞིང་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཀྭ་བུམ་གཉིས་དེ་ཡང་དེ་ཡིན། རྟག་དངོས་གཉིས་དེ་ཡང་དེ་ཡིན་པའི་ཕྱིར།

ཁ་ཅིག་ན་རེ། རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་དེ་བུམ་པའི་སྤྱི་མིན་ཟེར་ན། རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་ཆོས་ཅན། ཁྱོད་བུམ་པའི་སྤྱི་ཡིན་པར་ཐལ།  བུམ་པ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་གི་བྱེ་བྲག་ཡིན་པར་ཐལ། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང་བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་ཡིན། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་བའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་ཡིན་པར་ཐལ། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དེ་ཡིན་པར་ཐལ། ཁྱོད་རྟག་པའི་སྤྱི་མ་ཡིན་པ་གང་ཞིག  དངོས་པོའི་སྤྱི་ཡང་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་སླ།

 ཁ་ཅིག་ན་རེ། རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་མ་ཡིན་པ་དང་། མཚན་ཉིད་ཀྱི་སྤྱི་དང་མཚོན་བྱའི་སྤྱི་གང་རུང་དེ་མཚན་ཉིད་ཀྱི་སྤྱི་ཡིན་ཟེར་ན། རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་མ་ཡིན་པ་དང། མཚན་ཉིད་ཀྱི་སྤྱི་དང་མཚོན་བྱའི་སྤྱི་གང་རུང་ཆོས་ཅན། ཁྱོད་མཚན་ཉིད་ཀྱི་སྤྱི་མ་ཡིན་པར་ཐལ། མཚན་ཉིད་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར། མ་གྲུབ་ན། མཚན་ཉིད་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་མ་ཡིན་པ་དང་མཚན་ཉིད་ཀྱི་སྤྱི་དང་མཚོན་བྱའི་སྤྱི་གང་རུང་གི་བྱེ་བྲག་མ་ཡིན་པར་ཐལ། ཁྱོད་དེ་གང་རུང་མ་ཡིན་པའི་ཕྱིར། མ་གྲུབ་ན། མཚན་ཉིད་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང་བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་མ་ཡིན་པ་དང། མཚན་ཉིད་ཀྱི་སྤྱི་དང་མཚོན་བྱའི་སྤྱི་གང་རུང་མ་ཡིན་པར་ཐལ།  ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་མ་ཡིན་པ་དེ་མ་ཡིན་པ་གང་ཞིག མཚན་ཉིད་ཀྱི་སྤྱི་ཡང་མ་ཡིན། མཚོན་བྱའི་སྤྱི་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། མཚན་ཉིད་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང་བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་མ་ཡིན་པ་དེ་མ་ཡིན་པར་ཐལ། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང་བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་ཡིན་པའི་ཕྱིར།  མ་གྲུབ་ན། མཚན་ཉིད་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དང། བུམ་པའི་སྤྱི་དང་ཀྭ་བའི་སྤྱི་གང་རུང་ཡིན་པར་ཐལ། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། མཚན་ཉིད་ཆོས་ཅན། ཁྱོད་རྟག་པའི་སྤྱི་དང་དངོས་པོའི་སྤྱི་གང་རུང་མ་ཡིན་པ་དེ་ཡིན་པར་ཐལ། ཁྱོད་རྟག་པའི་སྤྱི་མ་ཡིན་པ་གང་ཞིག དངོས་པོའི་སྤྱི་ཡང་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་སླ། གོང་གི་རྟགས་གཉིས་པ་མ་གྲུབ་ན། མཚན་ཉིད་ཆོས་ཅན།  མཚོན་བྱའི་སྤྱི་མ་ཡིན་པར་ཐལ། མཚོན་བྱ་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར།   

རང་གི་ལུགས་ལ། སྤྱིའི་མཚན་ཉིད་ཡོད་དེ། རང་གི་གསལ་བ་ལ་རྗེས་སུ་འགྲོ་བའི་ཆོས་དེ་ཡིན་པའི་ཕྱིར། སྤྱི་ལ་དབྱེ་ན་གསུམ་ཡོད་དེ། ཚོགས་སྤྱི་རིགས་སྤྱི་དོན་སྤྱི་གསུམ་ཡོད་པའི་ཕྱིར། ཚོགས་སྤྱིའི་མཚན་ཉིད་ཡོད་དེ། རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བུམ་པ་དེ་ཡིན་པའི་ཕྱིར། བུམ་པའི་དོན་སྤྱིའི་མཚན་ཉིད་ཡོད་དེ། བུམ་འཛིན་རྟོག་པ་ལ་བུམ་པ་དང་གཅིག་མ་ཡིན་བཞིན་དུ་གཅིག་ལྟ་བུར་སྣང་བའི་སྒྲོ་བཏགས་ཀྱི་ཆ་དེ་ཡིན་པའི་ཕྱིར། བདག་མེད་ཐམས་ཅད་ཀྱི་དོན་སྤྱིའི་མཚན་ཉིད་ལ་རིགས་འདྲ། རིགས་སྤྱིའི་མཚན་ཉིད་ཡོད་དེ། རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་དེ་ཡིན་པའི་ཕྱིར། རིགས་སྤྱི་དང་སྤྱི་གཉིས་དོན་གཅིག མཚན་གཞི་ནི་ཡོད་དེ། ཤེས་བྱ་དེ་ཡིན་པའི་ཕྱིར། རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ཡིན་མིན་གྱི་མུ་བཞི་ཡོད་དེ། རིགས་སྤྱི་ཡིན་ལ་ཚོགས་སྤྱི་མ་ཡིན་པའི་མུ་དང་།  ཚོགས་སྤྱི་ཡིན་ལ་རིགས་སྤྱི་མ་ཡིན་པའི་མུ་དང། རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ཡིན་པའི་མུ་དང། རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་གང་ཡང་མ་ཡིན་པའི་མུ་བཞི་ཡོད་པའི་ཕྱིར། རིགས་སྤྱི་ཡིན་ལ་ཚོགས་སྤྱི་མ་ཡིན་པའི་མུ་ཡོད་དེ། རྟག་པ་དེ་ཡིན་པའི་ཕྱིར། ཚོགས་སྤྱི་ཡིན་ལ་རིགས་སྤྱི་མ་ཡིན་པའི་མུ་ཡོད་དེ། ཀྭ་བུམ་གཉིས་དེ་ཡིན་པའི་ཕྱིར། རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ཡིན་པའི་མུ་ཡོད་དེ། གཟུགས་དེ་ཡིན་པའི་ཕྱིར། རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་གང་ཡང་མ་ཡིན་པའི་མུ་ཡོད་དེ། བུམ་པའི་ལྡོག་པ་དེ་ཡིན་པའི་ཕྱིར།   

དེ་ལ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། དངོས་པོ་ཆོས་ཅན། རྟག་པའི་སྣང་ཡུལ་ཡིན་པར་ཐལ། དོན་སྤྱི་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། དོན་སྤྱི་ཡིན་པར་ཐལ། དོན་སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། དངོས་པོ་ཆོས་ཅན། དོན་སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ། དོན་ཡོད་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། དོན་ཡོད་པར་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར།།  

                                                                                                                                                                                                      རྩོམ་སྒྲིག་པ།   བློ་བཟང་བཀྲ་ཤིས།


བརྒྱུད་འགོད།
0