བསེ་བསྡུས་ལས་མཚན་མཚོན་གྱི་རྣམ་བཞག

སྤེལ་དུས།  2021-09-19   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

མཚན་མཚོན་གྱི་རྣམ་བཞག་བཤད་པ་ལ།

   

ཁ་ཅིག་ན་རེ།    དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་དོན་བྱེད་ནུས་པའི་མཚོན་བྱའི་མཚན་ཉིད་ཡིན་ལ།    དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་ག་འདྲེན་པའི་ཚེ་ན་སྤྱིར་མཚོན་བྱ་ཡིན་པ།    རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།    དོན་བྱེད་ནུས་པ་མ་ཡིན་པར་གྱུར་པའི་གཞན་གྱི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་འདྲེན་པ་ཡིན་ཟེར་ན།    འོ་ན།    ཀྭ་བ་ཆོས་ཅན།    དོན་བྱེད་ནུས་པའི་མཚོན་བྱ་ཡིན་པར་ཐལ།    དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར།    མ་གྲུབ་ན།    ཀྭ་བ་ཆོས་ཅན།    དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་ཐལ།    དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་ག་ཡིན་པའི་ཕྱིར།    མ་གྲུབ་ན།    ཀྭ་བ་ཆོས་ཅན།    དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་ག་ཡིན་པར་ཐལ།    སྤྱིར་མཚོན་བྱ་ཡིན་པར་རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།    དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་གཞན་གྱི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་ཡིན་པ་གང་ཞིག །   ཁྱོད་ཀྱིས་དེའི་བཏགས་ཡོད་ཀྱི་ཆོས་གསུམ་ག་འདྲེན་པའི་ཚེ་ན་དེ་དྲངས་པའི་ཕྱིར།    རྟགས་ཁས།    རྟགས་དང་པོ་མ་གྲུབ་ན།    ཀྭ་བ་ཆོས་ཅན།    སྤྱིར་མཚོན་བྱ་ཡིན་པ།    རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།    དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་གཞན་གྱི་མཚོན་བྱ་མ་ཡིན་པ་དང་།    གསུམ་པོ་དེ་ཡིན་པར་ཐལ།    སྤྱིར་མཚོན་བྱ་ཡིན་པ་གང་ཞིག །   རང་གི་མཚན་གཞིའི་སྟེང་དུ་གྲུབ།    དོན་བྱེད་ནུས་པ་མ་ཡིན་པར་གྱུར་པའི་གཞན་གྱི་མཚོན་བྱ་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    ཀྭ་བ་ཆོས་ཅན།    སྤྱིར་མཚོན་བྱ་ཡིན་པར་ཐལ།    ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར།    དེར་ཐལ།    གདུང་བཏགས་ཀྱི་དོན་བྱེད་ནུས་པ་དེ་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    ཀྭ་བ་ཆོས་ཅན།    རང་གི་མཚན་གཞིའི་སྟེང་དུ་གྲུབ་པ་ཡིན་པར་ཐལ།    ཁྱོད་ཀྱི་མཚན་གཞི་ཡོད་པའི་ཕྱིར།    མ་གྲུབ་ན།    ཀྭ་བ་ཆོས་ཅན།    ཁྱོད་ཀྱི་མཚན་གཞི་ཡོད་པར་ཐལ།    ཙན་དན་གྱི་གདུང་བཏགས་ཀྱི་དོན་བྱེད་ནུས་པ་དེ་ཡིན་པའི་ཕྱིར།    རྟགས་གསུམ་པ་མ་གྲུབ་ན།    ཀྭ་བ་ཆོས་ཅན།    དོན་བྱེད་ནུས་པ་མ་ཡིན་པར་གྱུར་པའི་གཞན་གྱི་མཚོན་བྱ་མ་ཡིན་པར་ཐལ།    དོན་བྱེད་ནུས་པ་མ་ཡིན་པར་གྱུར་པའི་ཁྱོད་ཀྱི་མཚན་ཉིད་འཇོག་རྒྱུ་མེད་པའི་ཕྱིར།    རྩ་བར་འདོད་ན།    དོན་བྱེད་ནུས་པ་ཆོས་ཅན།    ཁྱོད་ཀྱི་མཚོན་བྱ་དུ་མ་གྲུབ་པར་ཐལ།    དངོས་པོ་དེ་ཁྱོད་ཀྱི་མཚོན་བྱ་ཡིན་པ་གང་ཞིག །   ཀྭ་བ་དེ་ཁྱོད་ཀྱི་མཚོན་བྱ་ཡིན་པའི་ཕྱིར།    རྟགས་ཕྱི་མ་ཁས།    དང་པོ་མ་གྲུབ་ན།    དོན་བྱེད་ནུས་པ་ཆོས་ཅན།    དངོས་པོ་ཁྱོད་ཀྱི་མཚོན་བྱ་ཡིན་པར་ཐལ།    ཁྱོད་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར།    གོང་དུ་འདོད་ན།    དོན་བྱེད་ནུས་པ་ཆོས་ཅན།    ཁྱོད་ཀྱི་མཚོན་བྱ་དུ་མ་མ་གྲུབ་པར་ཐལ།    ཁྱོད་མཚན་ཉིད་ཡིན་པའི་ཕྱིར།  

ཁ་ཅིག་ན་རེ།    ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཤེས་བྱའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་ལ།    ཤེས་བྱའི་རྫས་ཡོད་ཀྱི་ཆོས་གསུམ་ག་འདྲེན་པའི་ཚེ་ན།    སྤྱིར་མཚན་ཉིད་ཡིན་པ།    རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།    ཤེས་བྱ་མ་ཡིན་པར་གྱུར་བའི་གཞན་གྱི་མཚན་ཉིད་མ་ཡིན་པ་དང་གསུམ་པོ་དེ་འདྲེན་པ་ཡིན་ཟེར་ན།    འོ་ན།    གཟུགས་རུང་ཆོས་ཅན།    ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པར་ཐལ།    ཤེས་བྱའི་རྫས་ཡོད་ཀྱི་ཆོས་གསུམ་ག་ཡིན་པའི་ཕྱིར།    མ་གྲུབ་ན།    གཟུགས་རུང་ཆོས་ཅན།    ཤེས་བྱའི་རྫས་ཡོད་ཀྱི་ཆོས་གསུམ་ག་ཡིན་པར་ཐལ།    སྤྱིར་མཚན་ཉིད་ཡིན་པ།    རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།    ཤེས་བྱ་མ་ཡིན་པར་གྱུར་པའི་གཞན་གྱི་མཚན་ཉིད་མ་ཡིན་པ་དང་གསུམ་པོ་དེ་ཡིན་པ་གང་ཞིག །   ཁྱོད་ཀྱིས་ཤེས་བྱའི་རྫས་ཡོད་ཀྱི་ཆོས་གསུམ་ག་འདྲེན་པའི་ཚེ་ན་དེ་གསུམ་པོ་དྲངས་པའི་ཕྱིར།    རྟགས་ཁས།    རྟགས་དང་པོ་མ་གྲུབ་ན།    གཟུགས་རུང་ཆོས་ཅན།    སྤྱིར་མཚན་ཉིད་ཡིན་པ།    རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།    ཤེས་བྱ་མ་ཡིན་པར་གྱུར་པའི།    གཞན་གྱི་མཚན་ཉིད་མ་ཡིན་པ་དང་གསུམ་པོ་དེ་ཡིན་པར་ཐལ།    སྤྱིར་མཚན་ཉིད་ཡིན་པ་གང་ཞིག །   རང་གི་མཚན་གཞིའི་སྟེང་དུ་གྲུབ།    ཤེས་བྱ་མ་ཡིན་པར་གྱུར་བའི་གཞན་གྱི་མཚན་ཉིད་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    གཟུགས་རུང་ཆོས་ཅན།    སྤྱིར་མཚན་ཉིད་ཡིན་པར་ཐལ།    མཚན་ཉིད་ཡིན་པའི་ཕྱིར།    དེར་ཐལ།    གཟུགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    གཟུགས་རུང་ཆོས་ཅན།    རང་གི་མཚན་གཞིའི་སྟེང་དུ་གྲུབ་པ་ཡིན་པར་ཐལ།    སྒྲའི་སྟེང་དུ་གྲུབ་པ་ཡིན་པ་གང་ཞིགསྒྲ་ཁྱོད་ཀྱི་མཚན་གཞི་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    གཟུགས་རུང་ཆོས་ཅན།    སྒྲའི་སྟེང་དུ་གྲུབ་པ་ཡིན་པར་ཐལ།    སྒྲ་ཁྱོད་ཡིན་པའི་ཕྱིར།    རྟགས་གསུམ་པ་མ་གྲུབ་ན།    གཟུགས་རུང་ཆོས་ཅན།    ཤེས་བྱ་མ་ཡིན་པར་གྱུར་པའི་གཞན་གྱི་མཚན་ཉིད་མ་ཡིན་པར་ཐལ།    གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    རྩ་བར་འདོད་ན།    གཟུགས་རུང་ཆོས་ཅན།    ཤེས་བྱའི་མཚན་ཉིད་ཡིན་པར་ཐལ།    ཤེས་བྱའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར།    རྟགས་ཁས།    འདོད་ན།    ཤེས་བྱ་ཆོས་ཅན།    ཁྱོད་ཀྱི་མཚན་ཉིད་དུ་མ་གྲུབ་པར་ཐལ།    བློའི་ཡུལ་དུ་བྱ་རུང་དེ་ཡིན་པ་གང་ཞིག །   གཟུགས་རུང་དེ་ཡིན་པའི་ཕྱིར།    འདོད་ན།    ཤེས་བྱ་ཆོས་ཅན།    ཁྱོད་ཀྱི་མཚན་ཉིད་དུ་མ་མ་གྲུབ་པར་ཐལ།    ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།  

ཁ་ཅིག་ན་རེ།    དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་པོ་གང་རུང་ཡིན་ན་བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཀྱི་ཆོས་གསུམ་པོ་གང་རུང་མ་ཡིན་པས་ཁྱབ་ཟེར་ན།    སྤྱིར་མཚོན་བྱ་ཡིན་པ་ཆོས་ཅན།    བློའི་ཡུལ་དུ་བྱ་རུང་གི་བཏགས་ཡོད་ཀྱི་ཆོས་གསུམ་པོ་གང་རུང་མ་ཡིན་པར་ཐལ།   དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་པོ་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    སྤྱིར་མཚོན་བྱ་ཡིན་པ་ཆོས་ཅན།    དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་པོ་གང་རུང་ཡིན་པར་ཐལ།    དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་པོ་འདྲེན་པའི་ཚེ་ན་ཁྱོད་གཅིག་ལ་འདྲེན་དགོས་པའི་ཕྱིར།    ཁ་ཅིག་ན་རེ།    ལྟོ་ལྡིར་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན།    མཚོན་བྱ་ཡིན་པའི་གཞི་མཐུན་པ་མེད་ཟེར་ན།    དེ་ཡོད་པར་ཐལ།    བུམ་པའི་མཚན་ཉིད་དེ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པའི་མཚན་ཉིད་ཆོས་ཅན།    ཁྱོད་ལྟོ་ལྡིར་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན།    མཚོན་བྱ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    ཁྱོད་ལྟོ་ལྡིར་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པ་གང་ཞིག །   མཚོན་བྱ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    བུམ་པའི་མཚན་ཉིད་ཆོས་ཅན།    ལྟོ་ལྡིར་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ།    ཁྱོད་ཡིན་ན་ལྟོ་ལྡིར་བའི་ལྡོག་པ་ཡིན་པས་ཁྱབ།    ལྟོ་ལྡིར་བའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཀྱི་མཚན་ཉིད་ཡིན་ན།    ལྟོ་ལྡིར་བའི་ལྡོག་པ་ཡིན་པས་ཁྱབ་པར་ཐལ།    ལྟོ་ལྡིར་བ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ལྟོ་ལྡིར་བ་ཁྱོད་ཀྱི་མཚན་ཉིད་ཡིན་པར་ཐལ།    ཁྱོད་ལྟོ་ལྡིར་བའི་མཚོན་བྱ་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    ལྟོ་ལྡིར་པ་ཆོས་ཅན།    ཁྱོད་ཀྱི་ལྡོག་པ་ཡིན་ན།    བུམ་པའི་མཚན་ཉིད་ཡིན་པས་ཁྱབ་པར་ཐལ།    ཁྱོད་བུམ་པའི་མཚན་ཉིད་ཡིན་པའི་ཕྱིར།    གོང་གི་རྟགས་གཉིས་པ་མ་གྲུབ་ན།    བུམ་པའི་མཚན་ཉིད་ཆོས་ཅན།    མཚོན་བྱ་ཡིན་པར་ཐལ།    ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར།    མ་གྲུབ་ན།    བུམ་པའི་མཚན་ཉིད་ཆོས་ཅན།    ཁྱོད་ཀྱི་མཚན་ཉིད་ཡོད་པར་ཐལ།    བུམ་པའི་རྫས་ཡོད་ཆོས་གསུམ་ཚང་པ་དེ་ཡིན་པའི་ཕྱིར།    མ་གྲུབ་ན།    བུམ་པ་ཆོས་ཅན།    ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ཁྱོད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པར་ཐལ།    ཁྱོད་མཚོན་བྱ་ཡིན་པའི་ཕྱིར།  

ཁ་ཅིག་ན་རེ།    དངོས་པོའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན།    མཚན་ཉིད་ཡིན་པའི་གཞི་མཐུན་པ་མེད་ཟེར་ན་དེ་ཡོད་པར་ཐལ།    དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར།    མ་གྲུབ་ན།    དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།    ཁྱོད་དངོས་པོའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན།    མཚན་ཉིད་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    ཁྱོད་དངོས་པོའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པ་གང་ཞིག །   མཚན་ཉིད་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།    ཁྱོད་དངོས་པོའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ།    ཁྱོད་ཡིན་ན་དངོས་པོའི་ལྡོག་པ་ཡིན་པས་ཁྱབ།    དངོས་པོའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དོན་བྱེད་ནུས་པ་ཆོས་ཅན།    ཁྱོད་ཀྱི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ན་དངོས་པོའི་ལྡོག་པ་ཡིན་པས་ཁྱབ་པར་ཐལ།    ཁྱོད་ཀྱི་མཚོན་བྱ་ཡིན་ན་དངོས་པོའི་ལྡོག་པ་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    དོན་བྱེད་ནུས་པ་ཆོས་ཅན།    ཁྱོད་ཀྱི་མཚོན་བྱ་ཡིན་ན་དངོས་པོའི་ལྡོག་པ་ཡིན་པས་ཁྱབ་པར་ཐལ།    ཁྱོད་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    དངོས་པོ་ཆོས་ཅན།    ཁྱོད་ཀྱི་ལྡོག་པ་ཡིན་ན།    དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པས་ཁྱབ་པར་ཐལ།    ཁྱོད་དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར།    མ་གྲུབ་ན།    དངོས་པོ་ཆོས་ཅན།    ཁྱོད་དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་ཐལ།    ཁྱོད་དོན་བྱེད་ནུས་པའི་མཚོན་བྱ་ཡིན་པའི་ཕྱིར༑ གོང་གི་རྟགས་གཉིས་པ་མ་གྲུབ་ན།    དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།    མཚན་ཉིད་ཡིན་པར་ཐལ།    དོན་བྱེད་ནུས་པའི་མཚོན་བྱའི་མཚན་ཉིད་ཡིན་པའི་ཕྱིར།    མ་གྲུབ་ན།    དོན་བྱེད་ནུས་པ་ཆོས་ཅན།    ཁྱོད་ཀྱི་བཏགས་ཡོད་ཆོས་གསུམ་ཚང་བ་ཁྱོད་ཀྱི་མཚོན་བྱའི་མཚན་ཉིད་ཡིན་པར་ཐལ།    ཁྱོད་མཚན་ཉིད་ཡིན་པའི་ཕྱིར།   

ཁ་ཅིག་ན་རེ།    རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན།    མཚན་ཉིད་ཡིན་པའི་གཞི་མཐུན་པ་མེད་ཟེར་ན་དེ་ཡོད་པར་ཐལ།    རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།    ཁྱོད་རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན།    མཚན་ཉིད་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    ཁྱོད་རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པ་གང་ཞིག །   མཚན་ཉིད་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།    ཁྱོད་རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ།    ཁྱོད་ཡིན་ན་རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་པས་ཁྱབ།    རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    རི་བོང་རྭའི་མཚན་ཉིད་མ་ཡིན་པ་ཆོས་ཅན།    ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ན།    རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་པས་ཁྱབ་པར་ཐལ།    ཁྱོད་ཀྱི་མཚན་ཉིད་ཡིན་ན་རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་པས་ཁྱབ་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭའི་མཚན་ཉིད་མ་ཡིན་པ་ཆོས་ཅན།    ཁྱོད་ཀྱི་མཚན་ཉིད་ཡིན་ན་རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་པས་ཁྱབ་པར་ཐལ།    ཁྱོད་རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    ཁྱོད་ཀྱི་མཚན་ཉིད་མ་ཡིན་པ།    ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པར་ཐལ།    ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བ་ཆོས་ཅན།    ཁྱོད་ཀྱི་ལྡོག་པ་ཡིན་ན་རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པས་ཁྱབ་པར་ཐལ།    ཁྱོད་རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་བའི་ཕྱིར།    མ་གྲུབ་ན།    རི་བོང་རྭའི་རྫས་ཡོད་ཆོས་གསུམ་མ་ཚང་བ་ཆོས་ཅན།    ཁྱོད་རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པར་ཐལ།    ཁྱོད་རི་བོང་རྭའི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་མ་ཚང་བ་ཁྱོད་ཀྱི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པར་ཐལ།    ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    གོང་གི་རྟགས་གཉིས་པ་མ་གྲུབ་ན།    རི་བོང་རྭའི་མཚན་ཉིད་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།    མཚན་ཉིད་ཡིན་པར་ཐལ།    རི་བོང་རྭའི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭའི་མཚན་ཉིད་མ་ཡིན་པ་ཆོས་ཅན།    ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ཁྱོད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པར་ཐལ།    ཁྱོད་མཚོན་བྱ་ཡིན་པའི་ཕྱིར།    ཁ་ཅིག་ན་རེ།    བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན།    མཚོན་བྱ་ཡིན་པའི་གཞི་མཐུན་པ་མེད་ཟེར་ན།    དེ་ཡོད་པར་ཐལ།    བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་དེ་ཡིན་པའི་ཕྱིར།    མ་གྲུབ་ན།    བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཆོས་ཅན།    ཁྱོད་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡང་ཡིན།    མཚོན་བྱ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    ཁྱོད་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པ་གང་ཞིག །   མཚོན་བྱ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཆོས་ཅན།    ཁྱོད་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ།    བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ།    ཁྱོད་ཡིན་ན་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་ལྡོག་པ་ཡིན་པའི་ཁྱབ་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།    ཁྱོད་ཀྱི་ལྡོག་པ་ཡིན་ན་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་པས་ཁྱབ་པར་ཐལ།    ཁྱོད་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་པའི་ཕྱིར།    མ་གྲུབ་ན།    བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།    ཁྱོད་ཀྱི་བཏགས་ཡོད་ཆོས་གསུམ་ཚང་བ་ཁྱོད་ཀྱི་མཚོན་བྱའི་མཚན་ཉིད་ཡིན་པར་ཐལ།    ཁྱོད་མཚན་ཉིད་ཡིན་པའི་ཕྱིར།   །  

                                                                                                                                                                                                            རྩོམ་སྒྲིག་པ།  བློ་བཟང་བཀྲ་ཤིས།


བརྒྱུད་འགོད།
0