བསེ་བསྡུས་ལས་རང་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག

སྤེལ་དུས།  2021-09-19   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

རང་ལུགས་ཀྱི་རྫས་ལྡོག་གི་རྣམ་བཞག་བཤད་པ་ལ། 

      ཁ་ཅིག་ན་རེ།    ཀྭ་བུམ་གཉིས་ཆོས་ཅན།    ཁྱོད་ཁྱོད་རང་ཡིན་པར་ཐལ།    ཁྱོད་རྫས་ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    ཀྭ་བུམ་གཉིས་ཆོས་ཅན།    རྫས་ཆོས་ཡིན་པར་ཐལ།    རྫས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    ཀྭ་བུམ་གཉིས་ཆོས་ཅན།    རྫས་ཡོད་ཡིན་པར་ཐལ།    དོན་བྱེད་ནུས་པའི་རྫས་ཡོད་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    དངོས་པོ་དང་རྫས་ཆོས་དང་རྫས་ཡོད་རྣམས་དོན་གཅིག་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    ཀྭ་བུམ་གཉིས་ཆོས་ཅན།    རྫས་ཆོས་མ་ཡིན་པར་ཐལ།    ལྡོག་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    ཀྭ་བུམ་གཉིས་ཆོས་ཅན།    ལྡོག་ཆོས་ཡིན་པར་ཐལ།    རང་མ་ཡིན་པའི་ལྡོག་ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    གོང་དུ་འདོད་ན།    ཀྭ་བུམ་གཉིས་ཆོས་ཅན།    ལྡོག་ཆོས་མ་ཡིན་པར་ཐལ།    བཏགས་ཡོད་མ་ཡིན་པའི་ཕྱིར།    མ་གྲུབ་ན།    ཀྭ་བུམ་གཉིས་ཆོས་ཅན།    བཏགས་ཡོད་མ་ཡིན་པར་ཐལ།    རྟག་པ་མ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ལྡོག་ཆོས་དང་བཏགས་ཡོད་དང་རྟག་པ་གསུམ་དོན་གཅིག་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    རྫས་ཡོད་བཞི་པོ་གང་རུང་ཡིན་ན་རྫས་ཡོད་ཡིན་པས་ཁྱབ་ཟེར་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རྫས་ཡོད་ཡིན་པར་ཐལ།    རྫས་ཡོད་བཞི་པོ་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རྫས་ཡོད་བཞི་པོ་གང་རུང་ཡིན་པར་ཐལ།    རིགས་པས་གྲུབ་པའི་རྫས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རིགས་པས་གྲུབ་པའི་རྫས་ཡོད་ཡིན་པར་ཐལ།    རིགས་པས་གྲུབ་པའི་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རིགས་པས་གྲུབ་པའི་ཆོས་ཡིན་པར་ཐལ།    ཚད་མས་གྲུབ་པའི་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    ཚད་མས་གྲུབ་པའི་ཆོས་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།    རྩ་བར་འདོད་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རྫས་ཡོད་མ་ཡིན་པར་ཐལ།    བཏགས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    བཏགས་ཡོད་ཡིན་པར་ཐལ།    རྟོག་པས་བཏགས་ཙམ་གྱི་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རྟག་པས་བཏགས་ཙམ་གྱི་ཆོས་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར།    

གཞན་ཡང་།    རྟག་པ་ཆོས་ཅན།    རྫས་ཡོད་ཡིན་པར་ཐལ།    རྫས་ཡོད་བཞི་པོ་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    རྟག་པ་ཆོས་ཅན།    རྫས་ཡོད་བཞི་པོ་གང་རུང་ཡིན་པར་ཐལ།    བརྟན་པ་མི་འགྱུར་བའི་རྫས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པ་ཆོས་ཅན།    བརྟན་པ་མི་འགྱུར་བའི་རྫས་ཡོད་ཡིན་པར་ཐལ༑ རྟག་པ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    བརྟན་པ་མི་འགྱུར་བའི་རྫས་ཡོད་དང་རྟག་པ་གཉིས་དོན་གཅིག་ཡིན་པའི་ཕྱིར།    རྩ་བར་འདོད་ན།    རྟག་པ་ཆོས་ཅན།    རྫས་ཡོད་མ་ཡིན་པར་ཐལ།    རྫས་ཆོས་མ་ཡིན་པའི་ཕྱིར།   མ་གྲུབ་ན།    རྟག་པ་ཆོས་ཅན།    རྫས་ཆོས་མ་ཡིན་པར་ཐལ།    རྫས་དང་ཆོས་གཉིས་ཀ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པ་ཆོས་ཅན།    རྫས་དང་ཆོས་གཉིས་ཀ་མ་ཡིན་པར་ཐལ།    རྫས་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པ་ཆོས་ཅན།    རྫས་མ་ཡིན་པར་ཐལ།    དངོས་པོ་མ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    རྫས་ཡོད་ཡིན་ན་རང་རྒྱ་འཛིན་ཐུབ་པའི་རྫས་ཡོད་ཡིན་པས་ཁྱབ་ཟེར་ན།    གང་ཟག་ཆོས་ཅན།    རང་རྒྱ་འཛིན་ཐུབ་པའི་རྫས་ཡོད་ཡིན་པར་ཐལ།    རྫས་ཡོད་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    གང་ཟག་ཆོས་ཅན།    རྫས་ཡོད་ཡིན་པར་ཐལ།    དོན་བྱེད་ནུས་པའི་རྫས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    གང་ཟག་ཆོས་ཅན།    དོན་བྱེད་ནུས་པའི་རྫས་ཡོད་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    དངོས་པོ་དང་རྫས་ཆོས་དང་རྫས་ཡོད་དང་དོན་བྱེད་ནུས་པའི་རྫས་ཡོད་བཞི་དོན་གཅིག་ཡིན་པའི་ཕྱིར།    རྩ་བར་འདོད་ན།    གང་ཟག་ཆོས་ཅན།    རང་རྒྱ་འཛིན་ཐུབ་པའི་རྫས་ཡོད་མ་ཡིན་པར་ཐལ།    རང་རྒྱ་འཛིན་མི་ཐུབ་པའི་བཏགས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    གང་ཟག་ཆོས་ཅན།    རང་རྒྱ་འཛིན་མི་ཐུབ་པའི་བཏགས་ཡོད་ཡིན་པར་ཐལ།    རང་ཉིད་ཚད་མས་ངེས་པར་རང་གི་ངོ་བོར་མ་གྱུར་བའི་ཆོས་གཞན་ཚད་མས་ངེས་པ་ལ་ལྟོས་དགོས་པའི་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    གང་ཟག་ཆོས་ཅན།    རང་ཉིད་ཚད་མས་ངེས་པ་རང་གི་ངོ་བོར་མ་གྱུར་པའི་ཆོས་གཞན་ཚད་མས་ངེས་པ་ལ་ལྟོས་དགོས་པའི་ཆོས་ཡིན་པར་ཐལ།    ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    དངོས་པོ་ཡིན་ན་རང་རྒྱ་འཛིན་མི་ཐུབ་པའི་བཏགས་ཡོད་ཡིན་པས་ཁྱབ་ཟེར་ན།    སྒྲ་ཆོས་ཅན།    རང་རྒྱ་འཛིན་མི་ཐུབ་པའི་བཏགས་ཡོད་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    སྒྲ་ཆོས་ཅན།    ཡོད་མ་ཡིན་པར་ཐལ།    རང་རྒྱ་འཛིན་ཐུབ་པའི་རྫས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    སྒྲ་ཆོས་ཅན།    རང་རྒྱ་འཛིན་ཐུབ་པའི་རྫས་ཡོད་ཡིན་པར་ཐལ།    རང་ཉིད་ཚད་མས་ངེས་པ་རང་གི་ངོ་བོར་མ་གྱུར་བའི་ཆོས་གཞན་ཚད་མས་ངེས་པ་ལ་ལྟོས་མི་དགོས་པའི་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    སྒྲ་ཆོས་ཅན།    རང་ཉིད་ཚད་མས་ངེས་པ་རང་གི་ངོ་བོར་མ་གྱུར་བའི་ཆོས་གཞན་ཚད་མས་ངེས་པ་ལ་ལྟོས་མི་དགོས་པའི་ཆོས་ཡིན་པར་ཐལ།    གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་ལྔ་པོ་གང་རུང་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་ལྔ་དང་ཤེས་པ་དང་དྲུག་པོ་གང་རུང་ཡིན་ན་རང་ཉིད་ཚད་མས་ངེས་པ་རང་གི་ངོ་བོར་མ་གྱུར་བའི་ཆོས་གཞན་ཚད་མས་ངེས་པ་ལ་ལྟོས་མི་དགོས་པས་ཁྱབ་པ་ཡིན་པའི་ཕྱིར།    

ཁ་ཅིག་ན་རེ།    བཏགས་ཡོད་གསུམ་པོ་གང་རུང་ཡིན་ན་བཏགས་ཡོད་ཡིན་པས་ཁྱབ་ཟེར་ན།    རི་བོང་རྭ་ཆོས་ཅན།    བཏགས་ཡོད་ཡིན་པར་ཐལ།    བཏགས་ཡོད་གསུམ་པོ་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    བཏགས་ཡོད་གསུམ་པོ་གང་རུང་ཡིན་པར་ཐལ།    ཀུན་བཏགས་ཡིན་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    ཀུན་བཏགས་ཡིན་པར་ཐལ།    མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་ཡིན་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་ཡིན་པར་ཐལ།    མེད་རྒྱུའི་ཀུན་བཏགས་ཡིན་པའི་ཕྱིར།    མ་གྲུབ་ན།   རི་བོང་རྭ་ཆོས་ཅན།    མེད་རྒྱུའི་ཀུན་བཏགས་ཡིན་པར་ཐལ།    མེད་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    རི་བོང་ར་ཆོས་ཅན།    བཏགས་ཡོད་མ་ཡིན་པར་ཐལ།    རྟོགས་པས་བཏགས་ཙམ་གྱི་ཆོས་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རི་བོང་རྭ་ཆོས་ཅ།    རྟོག་པས་བཏགས་ཙམ་གྱི་ཆོས་མ་ཡིན་པར་ཐལ།    ཆོས་མ་ཡིན་པའི་ཕྱིར།    

གཞན་ཡང་།    དངོས་པོ་ཆོས་ཅན།    བཏགས་ཡོད་ཡིན་པར་ཐལ།    བཏགས་ཡོད་གསུམ་པོ་གང་རུང་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    དངོས་པོ་ཆོས་ཅན།    བཏགས་ཡོད་གསུམ་པོ་གང་རུང་ཡིན་པར་ཐལ།    ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    བཏགས་ཡོད་གསུམ་པོ་འདྲེན་པའི་ཚེ་ན།    ཀུན་བཏགས་དང་ལྡན་མིན་འདུ་བྱེད་དང་ཡོངས་གྲུབ་གསུམ་པོ་དེ་འདྲེན་དགོས་པའི་ཕྱིར།    རྩ་བར་འདོད་ན།    དངོས་པོ་ཆོས་ཅན༑ བཏགས་ཡོད་མ་ཡིན་པར་ཐལ།    རྫས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    དངོས་པོ་ཆོས་ཅན།    རྫས་ཡོད་ཡིན་པར་ཐལ།    རྫས་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    དངོས་པོ་ཆོས་ཅན།    རྫས་ཆོས་ཡིན་པར་ཐལ།    རྫས་ཡིན་པ་གང་ཞིག །   ཆོས་ཡིན་པའི་ཕྱིར༑ རྟགས་རེ་རེ་ནས་སླ། 

   ཁ་ཅིག་ན་རེ།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རྫས་ཡོད་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    གཞན་དབང་ཡིན་པའི་ཕྱིར།    མ་གྲུབ་ན།   འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    གཞན་དབང་ཡིན་པར་ཐལ།    འདུས་མ་བྱས་ཀྱི་ནམ་མཁའི་སྟེང་གི་གཞན་དབང་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    ཁྱོད་ཁྱོད་ཀྱི་སྟེང་གི་གཞན་དབང་ཡིན་པར་ཐལ།   ཁྱོད་གཞི་གྲུབ་པའི་ཕྱིར།   །    

  རང་གི་ལུགས་ལ།    རྫས་ཆོས་ཀྱི་མཚན་ཉིད་ཡོད་དེ།    རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་གི་ངོས་ནས་གྲུབ་པའི་དོན་དམ་པར་དོན་བྱེད་ནུས་པའི་དངོས་པོ་དེ་ཡིན་པའི་ཕྱིར།    རྫས་ཆོས་དང་རྫས་ཡོད་དང་དངོས་པོ་གསུམ་དོན་གཅིག །   མཚན་གཞི་ནི་ཡོད་དེ།    གཟུགས་དེ་ཡིན་པའི་ཕྱིར།    གཟུགས་ཆོས་ཅན།    ཁྱོད་ལ་རྫས་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།    རྫས་ཡང་ཡིན།    ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་པས་ན།    དེ་ལྟར་དུ་བརྗོད་པ་ཡིན་པའི་ཕྱིར།    གཟུགས་ཆོས་ཅན།    ཁྱོད་ཡ་རྫས་ཡོད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ།    རྫས་དུ་ཡོད་པས་ན།    དེ་ལྟར་དུ་བརྗོད་པ་ཡིན་པའི་ཕྱིར།    རྫས་ཡོད་ལ་སྒྲའི་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་བཞི་ཡོད་དེ།    རིགས་པས་གྲུབ་པའི་རྫས་ཡོད་དང་།    བརྟན་པ་མི་འགྱུར་བའི་རྫས་ཡོད་དང་།    དོན་བྱེད་ནུས་པའི་རྫས་ཡོད་དང་།    རང་རྒྱ་འཛིན་ཐུབ་པའི་རྫས་ཡོད་དང་བཞི་ཡོད་པའི་ཕྱིར།    རིགས་པས་གྲུབ་པའི་རྫས་ཡོད་དང་ཡོད་པ་གཉིས་དོན་གཅིག །   བརྟན་པ་མི་འགྱུར་བའི་རྫས་ཡོད་དང་།    རྟག་པ་གཉིས་དོན་གཅིག །   དོན་བྱེད་ནུས་པའི་རྫས་ཡོད་དང་དངོས་པོ་གཉིས་དོན་གཅིག །   རང་རྒྱ་འཛིན་ཐུབ་པའི་རྫས་ཡོད་ཀྱི་མཚན་ཉིད་ཡོད་དེ།    རང་ཉིད་ཚད་མས་ངེས་པ་རང་གི་ངོ་བོར་མ་གྱུར་བའི་ཆོས་གཞན་ཚད་མས་ངེས་པ་ལ་ལྟོས་མི་དགོས་པའི་ཆོས་དེ་ཡིན་པའི་ཕྱིར།   མཚན་གཞི་ནི་ཡོད་དེ།    ཕྱིའི་སྐྱེ་མཆེད་ལྔ་དང་ཤེས་པ་ཐམས་ཅད་པོ་དེ་ཡིན་པའི་ཕྱིར།    བཏགས་ཡོད་ཀྱི་མཚན་ཉིད་ཡོད་དེ།    ཡུལ་རང་གི་ངོས་ནས་གྲུབ་པའི་གནས་ལུགས་ཀྱི་ངོ་བོ་མ་ཡིན་པར་རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་དེ་ཡིན་པའི་ཕྱིར།   བཏགས་ཡོད་དང་ལྡོག་ཆོས་དང་རྟག་པ་གསུམ་དོན་གཅིག །   བཏགས་ཡོད་ལ་སྒྲའི་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་གསུམ་ཡོད་དེ།    ཀུན་བཏགས་དང་།    ལྡན་མིན་འདུ་བྱེད་དང་།    ཡོངས་གྲུབ་དང་གསུམ་ཡོད་པའི་ཕྱིར།   །    

 དེ་ལ་རྩོད་པ་སྤོང་བ་ལ།    ཁ་ཅིག་ན་རེ།    སྒྲ་མི་རྟག་པ་ཆོས་ཅན།    བཏགས་ཡོད་ཡིན་པར་ཐལ།    ལྡོག་ཆོས་ཡིན་པའི་ཕྱིར།    མ་གྲུབ་ན།    སྒྲ་མི་རྟག་པ་ཆོས་ཅན།    ལྡོག་ཆོས་ཡིན་པར་ཐལ།    ལྡོག་པ་ཡང་ཡིན།    ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    སྒྲ་མི་རྟག་པ་ཆོས་ཅན།    ལྡོག་པ་ཡང་ཡིན།    ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    ལྡོག་པ་ཡིན་པ་གང་ཞིག །   ཆོས་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    སྒྲ་མི་རྟག་པ་ཆོས་ཅན།    ལྡོག་པ་ཡིན་པར་ཐལ།    དགག་པ་ཡིན་པའི་ཕྱིར།   མ་གྲུབ་ན།    སྒྲ་མི་རྟག་པ་ཆོས་ཅན།    དགག་པ་ཡིན་པར་ཐལ།    མ་ཡིན་དགག་ཡིན་པའི་ཕྱིར།    མ་གྲུབ་ན།    སྒྲ་ཆོས་ཅན།    ཁྱོད་མི་རྟག་པ་མ་ཡིན་དགག་ཡིན་པར་ཐལ།    ཁྱོད་མི་རྟག་པ་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    སྒྲ་མི་རྟག་པ་ཆོས་ཅན།    ཆོས་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།    གོང་དུ་འདོད་ན།    སྒྲ་མི་རྟག་པ་ཆོས་ཅན།    བཏགས་ཡོད་མ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    ཁ་ཅིག་ན་རེ།    ལྡོག་པ་ཡང་ཡིན་ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན་ལྡོག་ཆོས་ཡིན་དགོས་པར་ཐལ།    རྫས་ཡང་ཡིན།   ཆོས་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན་རྫས་ཆོས་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ།    དེ་གཉིས་མི་འདྲ་བ་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རིགས་པས་གྲུབ་པའི་རྫས་ཡོད་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།    ཁྱབ་པ་ཁས་འདོད་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རིགས་པས་གྲུབ་པའི་རྫས་ཡོད་མ་ཡིན་པར་ཐལ།    རིགས་པས་གྲུབ་པའི་བཏགས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    རིགས་པས་གྲུབ་པའི་བཏགས་ཡོད་ཡིན་པར་ཐལ།   ཚད་མས་གྲུབ་པའི་བཏགས་ཡོད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན།    ཚད་མས་གྲུབ་པའི་བཏགས་ཡོད་ཡིན་པར་ཐལ།    བཏགས་ཡོད་ཡིན་པའི་ཕྱིར།   

 ཁ་ཅིག་ན་རེ།    རྟག་པ་ཆོས་ཅན།    བརྟན་པ་མི་འགྱུར་བའི་རྫས་ཡོད་མ་ཡིན་པར་ཐལ།    བརྟན་པ་མི་འགྱུར་བའི་བཏགས་ཡོད་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པ་ཆོས་ཅན།    བརྟན་པ་མི་འགྱུར་བའི་བཏགས་ཡོད་ཡིན་པར་ཐལ།    བརྟན་པ་མི་འགྱུར་བ་གང་ཞིག །   བཏགས་ཡོད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་དང་པོ་མ་གྲུབ་ན།    རྟག་པ་ཆོས་ཅན།    བརྟན་པ་མི་འགྱུར་བ་ཡིན་པར་ཐལ།    བརྟན་པ་མི་འཇིག་པ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པ་ཆོས་ཅན།    བརྟན་པ་མི་འཇིག་པ་ཡིན་པར་ཐལ།    བརྟན་པ་རྟག་པ་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    རྟག་པ་ཆོས་ཅན།    བཏགས་ཡོད་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར།   །  

                                                                                                                                                                                                           རྩོམ་སྒྲིག་པ།   བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0