བསེ་བསྡུས་ལས་འགལ་འབྲེལ་ཆེ་བའི་རྣམ་བཞག
འགལ་འབྲེལ་ཆེ་བའི་རྣམ་བཞག་བཤད་པ་ལ།
ཁ་ཅིག་ན་རེ། ཕན་ཚུན་སྤངས་འགལ་ཡིན་ན། དངོས་འགལ་ཡིན་པས་ཁྱབ་ཟེར་ན། བུམ་པ་དང་ཀྭ་བ་གཉིས་ཆོས་ཅན། དངོས་འགལ་ཡིན་པར་ཐལ། ཕན་ཚུན་སྤངས་འགལ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཀྭ་བ་དང་བུམ་པ་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་ཡིན་པར་ཐལ། འགལ་བ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཕན་ཚུན་སྤངས་འགལ་དང་འགལ་བ་གཉིས་དོན་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཀྭ་བ་དང་བུམ་པ་གཉིས་ཆོས་ཅན། དངོས་འགལ་མ་ཡིན་པར་ཐལ། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་མ་ཡིན་པ་གང་ཞིག ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་དང་ཀྭ་བ་གཉིས་ཆོས་ཅན། ཁྱོད་གཉིས་པོ་གང་རུང་མ་ཡིན་པའི་པུད་སུམ་པ་མི་སྲིད་པ་ཡིན་པར་ཐལ། ཁྱོད་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འདོད་ན། བུམ་པ་དང་ཀྭ་བ་གཉིས་ཆོས་ཅན། གཞི་གྲུབ་ན་ཁྱོད་གཉིས་པོ་གང་རུང་ཡིན་པས་ཁྱབ་པར་ཐལ། ཁྱོད་གཉིས་པོ་གང་རུང་མ་ཡིན་པའི་ཕུང་སུམ་པ་མི་སྲིད་པ་ཡིན་པའི་ཕྱིར། དངོས་མི་ནུས་ཏེ། སྒྲ་དང་ཤེས་པ་སོགས་དེ་གཉིས་པོ་གང་རུང་མ་ཡིན་པ་མཐའ་ཡས་པ་ཡོད་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བུམ་པ་དང་ཀྭ་བ་གཉིས་ཆོས་ཅན། དངོས་སུ་གནོད་བྱ་གནོད་བྱེད་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ལ་དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པ་གཅིག་དགོས་པ་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། བུམ་པ་དང་ཀྭ་བ་གཉིས་ཀས་ཕན་ཚུན་གཅིག་གིས་གཅིག་ལ་གནོད་མི་ཐུབ་པ་ཡིན་པའི་ཕྱིར། དེར་ཐལ། འགལ་བ་ཡིན་ན་ཕན་ཚུན་གཅིག་གིས་གཅིག་ལ་གནོད་པས་མ་ཁྱབ་པ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ན་ཤེས་པ་ཡིན་པས་ཁྱབ་ཟེར་ན། སྣང་བ་དང་མུན་པ་གཉིས་ཆོས་ཅན། ཤེས་པ་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འཆད་པར་བྱེད་པ་ལ་མདོ་ལས། ཉི་མའི་དཀྱིལ་འཁོར་མངོན་པར་ཤར་བའི་ཚེ་མུན་པའི་གནས་མེད་ཅིང་མི་དམིགས་སོ། ། ཞེས་གསུངས་པ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། སྣང་མུན་གཉིས་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་མ་ཡིན་པར་ཐལ། ཚ་རེག་དང་གྲང་རེག་ལྟར་སྐད་ཅིག་མ་གསུམ་འགོར་དགོས་པ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ལ་གནོད་བྱེད་དེས་གནོད་བྱ་དེའི་རྒྱུན་གཅོད་ཚུལ་མི་འདྲ་བ་གཉིས་ཡོད་པས། སྣང་མུན་གཉིས་ལྷན་་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ཀྱང་། ཚ་རེག་དང་གྲང་རེག་ལྟར་མ་ཡིན་པར་གཞི་དེར་སྣང་བ་སྐྱེ་བ་དང་དེའི་བསལ་བྱའི་མུན་པ་འགག་པ་དུས་མཉམ། གཞི་དེར་སྣང་བ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་དེའི་བསལ་བྱའི་མུན་པ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ། གཞི་དེར་སྣང་བ་སྐྱེས་ཟིན་པ་དང་དེའི་བསལ་བྱའི་མུན་པ་འགག་ཟིན་པ་དུས་མཉམ་པ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། ལྷན་ཅིག་ཏུ་གནས་མི་སྲིད་ན། ལྷན་ཅིག་མི་གནས་འགལ་ཡིན་པས་ཁྱབ་ཟེར་ན། བུམ་པའི་རྒྱུ་དང་བུམ་པ་གཉིས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ལྷན་ཅིག་ཏུ་གནས་མི་སྲིད་པ་ཡིན་པའི་ཕྱིར། དེར་ཐལ། དུས་མཉམ་དུ་གནས་མི་སྲིད་པ་ཡིན་པའི་ཕྱིར། གོང་དུ་འདོད་ན། བུམ་པའི་རྒྱུ་དང་བུམ་པ་གཉིས་ཆོས་ཅན། གནོད་བྱ་གནོད་བྱེད་ཡིན་པར་ཐལ། ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཕན་འདོགས་བྱ་འདོགས་བྱེད་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་རྒྱུ་བུམ་པ་ལ་ཕན་འདོགས་བྱེད་དང་། བུམ་པ་བུམ་པའི་རྒྱུའི་ཕན་འདོགས་བྱ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། བདག་མེད་རྟོགས་པའི་ཤེས་རབ་ཡིན་ན། བདག་འཛིན་དང་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་རབ་ཆོས་ཅན། བདག་འཛིན་དང་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ། བདག་མེད་རྟོགས་པའི་ཤེས་རབ་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་རབ་ཡིན་པའི་ཕྱིར། གོང་དུ་འདོད་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་རབ་ཆོས་ཅན། ཁྱོད་དང་བདག་འཛིན་གཉིས་ཀྱིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་སྒོ་ནས་ཁྱོད་དེ་ལ་དངོས་སུ་གནོད་བྱེད་ཡིན་པར་ཐལ། ཁྱོད་དེ་ལ་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་དེ་ལ་དངོས་སུ་གནོད་ཚུལ་མེད་པའི་ཕྱིར། དེར་ཐལ། ཁྱོད་དེའི་རྒྱུན་གཅོད་བྱེད་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་སྔར་ནས་དེའི་རྒྱུན་བཅད་ཟིན་པ་ཡིན་པའི་ཕྱིར། གཞན་ཡང་འཛམ་བུའི་གླིང་གི་སྣང་བ་དང་སྒྲ་མི་སྙན་གྱི་མུན་པ་གཉིས་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་རབ་དང་བདག་འཛིན་གཉིས་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། འཛམ་བུའི་གླིང་གི་ཉིན་མོའི་སྣང་བ་ཆོས་ཅན། ཁྱོད་སྒྲ་མི་སྙན་གྱི་མཚན་མོའི་མུན་པའི་དངོས་སུ་གནོད་བྱེད་དང་སྒྲ་མི་སྙན་གྱི་མཚན་མོའི་མུན་པ་ཁྱོད་ཀྱི་དངོས་ཀྱི་གནོད་བྱ་གཉིས་ཀ་ཡིན་པར་ཐལ། ཁྱོད་དང་དེ་གཉིས་དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་ཁྱོད་དེ་ལ་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ལ་འཇོག་ཚུལ་ཡོད་པའི་ཕྱིར། འདོད་ན། འཛམ་བུའི་གླིང་གི་ཉིན་མོའི་སྣང་བ་ཆོས་ཅན། ཁྱོད་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་སྒྲ་མི་སྙན་གྱི་མཚན་མོའི་མུན་པ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ། ཁྱོད་སྐྱེས་ཟིན་པ་དང་སྒྲ་མི་སྙན་གྱི་མཚན་མོའི་མུན་པ་འགག་ཟིན་པ་དུས་མཉམ་པ་ཡིན་པར་ཐལ། ཁྱོད་དེ་ལ་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཛམ་བུའི་གླིང་གི་ཉིན་མོའི་སྣང་བས་སྒྲ་མི་སྙན་གྱི་མཚན་མོའི་མུན་པ་ཅུང་ཟད་ཙམ་ཡང་སེལ་མི་ཐུབ་པ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། འཛམ་བུའི་གླིང་གི་མཚན་མོའི་ཟླ་འོད་དེ་འཛམ་བུའི་གླིང་གི་མཚན་མོའི་མུན་པ་དང་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ཟེར་ན། འཛམ་བུའི་གླིང་གི་མཚན་མོའི་ཟླ་འོད་ཆོས་ཅན། ཁྱོད་གྲུབ་ཟིན་པའི་དུས་སུ་འཛམ་བུའི་གླིང་གི་མཚན་མོའི་མུན་པ་མེད་པར་ཐལ། ཁྱོད་དེ་ལ་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཛམ་བུའི་གླིང་གི་མཚན་མོའི་ཟླ་འོད་དང་འཛམ་བུའི་གླིང་གི་མཚན་མོའི་མུན་པ་གཉིས་ལྷན་ཅིག་ཏུ་གནས་པའི་སྐབས་དུ་མ་ཡོད་པའི་ཕྱིར། དེས་ན་འཛམ་བུའི་གླིང་གི་མཚན་མོའི་ཟླ་འོད་དེ་རང་གི་བསལ་བྱའི་མུན་པ་ལ་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ཀྱང་། མུན་པ་ཙམ་ལ་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་མིན་ཞེས་ཞིབ་ཆ་དེ་ཤེས་དགོས་པ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། ཚ་རེག་དེ་གྲང་རེག་གི་དངོས་སུ་གནོད་བྱེད་མ་ཡིན་པར་ཐལ། ཚ་རེག་སྐད་ཅིག་དང་པོ་དེ་གྲང་རེག་སྐད་ཅིག་དང་པོའི་དངོས་སུ་གནོད་བྱེད་མ་ཡིན་པའི་ཕྱིར། མ་གྲུབ་ན། ཚ་རེག་སྐད་ཅིག་དང་པོ་དེ་གྲང་རེག་སྐད་ཅིག་དང་པོའི་དངོས་སུ་གནོད་བྱེད་མ་ཡིན་པར་ཐལ། ཚ་རེག་སྐད་ཅིག་དང་པོ་དེ་གྲང་རེག་སྐད་ཅིག་དང་པོའི་རྒྱུན་ཕྱི་མ་གཅོད་བྱེད་མ་ཡིན་པའི་ཕྱིར། མ་གྲུབ་ན། ཚ་རེག་སྐད་ཅིག་དང་པོ་དེ་གྲང་རེག་སྐད་ཅིག་དང་པོའི་རྒྱུན་ཕྱི་མ་གཅོད་བྱེད་མ་ཡིན་པར་ཐལ། ཚ་རེག་སྐད་ཅིག་དང་པོ་དེ་གྲང་རེག་སྐད་ཅིག་དང་པོའི་རྒྱུན་ཕྱི་མ་སྐྱེད་བྱེད་ཡིན་པའི་ཕྱིར། དེར་ཐལ། ཚ་རེག་སྐད་ཅིག་དང་པོ་དེ་རང་དུས་དེ་ལས་དུས་གཉིས་པར་གྲང་རེག་ནུས་ཆུང་དུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། དུས་དེ་ལ་ནུས་ཆུང་དུ་བྱས་པ་དེ་དེ་ལ་གནོད་པ་བྱས་པ་ཡིན་གྱི་དེ་ལ་ཕན་བཏགས་པ་མ་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། ཚ་རེག་སྐད་ཅིག་དང་པོ་ཆོས་ཅན། གྲང་རེག་སྐད་ཅིག་དང་པོའི་རྒྱུན་ཕྱི་མ་གཅོད་བྱེད་མ་ཡིན་པར་ཐལ། གྲང་རེག་སྐད་ཅིག་དང་པོའི་རྒྱུན་ཕྱི་མ་སྐྱེད་བྱེད་ཡིན་པའི་ཕྱིར། དེར་ཐལ། གྲང་རེག་སྐད་ཅིག་དང་པོས་ཉེར་ལེན་དང་ཚ་རེག་སྐད་ཅིག་དང་པོས་ལྷན་ཅིག་བྱེད་རྐྱེན་བྱས་ནས་གྲང་རེག་སྐད་ཅིག་གཉིས་པའི་རྒྱུན་ནུས་ཆུང་དུ་བྱས། གྲང་རེག་སྐད་ཅིག་གཉིས་པའི་རྒྱུན་ནུས་ཆུང་དུ་བྱས་པས་ཉེར་ལེན་དང་ཚ་རེག་སྐད་ཅིག་གཉིས་པས་ལྷན་ཅིག་བྱེད་རྐྱེན་བྱས་ནས། གྲང་རེག་སྐད་ཅིག་གསུམ་པའི་རྒྱུན་ནུས་མེད་དུ་བསྐྱེད། དེ་ཕན་ཆད་ལ་གྲང་རེག་གི་རྒྱུན་གཅོད་ངེས་ཡིན་པའི་ཕྱིར་ཟེར་ན་འདིར་མ་ཁྱབ། འོ་ན། ཁྱོད་རང་ལ་ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་ཆོས་ཅན། ཁྱོད་བདག་འཛིན་གྱི་རྒྱུན་གཅོད་བྱེད་ཀྱི་ལམ་མ་ཡིན་པར་ཐལ། ཁྱོད་བདག་འཛིན་གྱི་རྒྱུན་ཕྱི་མ་གཅོད་བྱེད་ཀྱི་ལམ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་བདག་འཛིན་གྱི་རྒྱུན་ཕྱི་མ་གཅོད་བྱེད་ཀྱི་ལམ་མ་ཡིན་པར་ཐལ། ཁྱོད་བདག་འཛིན་དེའི་རྒྱུན་ཕྱི་མ་སྐྱེད་བྱེད་ཀྱི་ལམ་ཡིན་པའི་ཕྱིར། དེར་ཐལ། རང་དུས་དེ་ལས་དུས་སྐད་ཅིག་གཉིས་པར་བདག་འཛིན་གྱི་རྒྱུན་ནུས་ཆུང་དང་། དེའི་སྐད་ཅིག་གསུམ་པར་བདག་འཛིན་གྱི་རྒྱུན་ནུས་མེད་དུ་བསྐྱེད་པའི་ངོ་བོར་སྐྱེད་བྱེད་ཀྱི་ལམ་ཡིན་པའི་ཕྱིར། ཁྱབ་པ་འགྲིག ། འདོད་ན། བདག་འཛིན་ཆོས་ཅན། ཁྱོད་ཀྱི་རྒྱུན་གཅོད་བྱེད་ཀྱི་ལམ་མེད་པར་ཐལ། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་དེ་མ་ཡིན་པ་གང་ཞིག ། དེ་ལས་གཞན་པ་གཅིག་མེད་པའི་ཕྱིར། འདོད་ན། བདག་འཛིན་ཆོས་ཅན། ཁྱོད་ཀྱི་རྒྱུན་གཅོད་བྱེད་ཀྱི་ལམ་ཡོད་པར་ཐལ། ཁྱོད་ཉོན་སྒྲིབ་ཡིན་པའི་ཕྱིར།
རང་གི་ལུགས་ལ། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་གྱི་མཚན་ཉིད་ཡོད་དེ། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་དེ་ཡིན་པའི་ཕྱིར། མཚན་གཞི་ནི་ཡོད་དེ། བུམ་པ་དང་བུམ་པ་མ་ཡིན་པ་གཉིས་དེ་དེ་ཡིན་པའི་ཕྱིར། བུམ་པ་དང་བུམ་པ་མ་ཡིན་པ་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་ཏེ། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་ཡིན་པའི་ཕྱིར། དེར་ཐལ། གཞི་གང་ཞིག་བློ་གཅིག་གིས་བུམ་པ་ཡིན་པར་ཡོངས་གཅོད་ལ་གྲུབ་ན་བུམ་པ་མ་ཡིན་པ་ཡིན་པར་རྣམ་བཅད་ལ་ཁེགས་དགོས་ལ་བུམ་པ་མ་ཡིན་པ་ཡིན་པར་རྣམ་བཅད་ལ་ཁེགས་ན་བུམ་པ་ཡིན་པར་ཡོངས་གཅོད་ལ་གྲུབ་དགོས་པ་ཡིན་པའི་ཕྱིར། རྟག་པ་དང་དངོས་པོ་གཉིས་ཕན་ཚུན་སྤངས་འགལ་ཡིན་ཀྱང་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་མིན་ཏེ། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་མ་ཡིན་པའི་ཕྱིར། དེར་ཐལ། གཞི་གང་ཞིག་བློ་གཅིག་གིས་དངོས་པོ་ཡིན་པར་ཡོངས་གཅོད་ལ་གྲུབ་ན་རྟག་པ་ཡིན་པར་རྣམ་བཅད་ལ་ཁེགས་མི་དགོས་ལ། རྟག་པ་ཡིན་པར་ཡོངས་གཅོད་ལ་གྲུབ་ན་དངོས་པོ་ཡིན་པར་རྣམ་བཅད་ལ་ཁེགས་མི་དགོས་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་དངོས་པོ་ཡིན་པར་ཚད་མས་ཡོངས་གཅོད་ལ་གྲུབ་ན་སྒྲ་རྟག་པ་མ་ཡིན་པར་ཚད་མས་ངེས་པས་མ་ཁྱབ་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་དངོས་པོ་ཡིན་པར་རྟོགས་ནས་སྒྲ་རྟག་པ་ཡིན་མིན་ལ་ཐེ་ཚོམ་ཟ་བའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། དངོས་པོའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་དེ་ཡིན་པའི་ཕྱིར། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་བཞག་ཏུ་ཡོད་དེ། རྟག་པ་དང་བྱས་པ་གཉིས་དེ་དེ་ཡིན་པའི་ཕྱིར། རྟག་པ་དང་བྱས་པ་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་ཡིན་ཏེ། གཞི་གཅིག་བྱས་པ་ཡིན་པར་རྟོགས་པའི་བློ་དེས་རྟག་པ་མ་ཡིན་པར་རྟོགས་མི་དགོས་ལ། གང་བྱས་པ་ཡིན་པ་དེ་མི་རྟག་པ་ཡིན་ལ། མི་རྟག་པ་དང་རྟག་པ་གཉིས་དངོས་སུ་འགལ་བའི་སྒོ་ནས་རྟག་པ་དང་བྱས་པ་གཉིས་འགལ་བར་བཞག་པ་ཡིན་པའི་ཕྱིར། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་དང་ཕན་ཚུན་སྤངས་འགལ་གྱི་ཚད་མའི་གནོད་འགལ་གཉིས་དོན་གཅིག ། དེའི་དོན་ཡང་དེ་ཡིན་པའི་ཕྱིར། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གྱི་མཚན་ཉིད་ཡོད་དེ། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་དེ་ཡིན་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། སྣང་བ་དང་དེའི་བསལ་བྱའི་མུན་པ་གཉིས་ཀྱང་དེ་ཡིན་ལ། ཚ་རེག་དང་དེའི་བསལ་བྱའི་གྲང་རེག་གཉིས་དེ་ཡང་དེ་ཡིན་པའི་ཕྱིར། དང་པོ་སྣང་བ་དང་དེའི་བསལ་བྱའི་མུན་པ་གཉིས་དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དོན་ཡོད་དེ། སྣང་བ་དེ་རང་གི་བསལ་བྱའི་མུན་པའི་དངོས་སུ་གནོད་བྱེད་དང་། རང་གི་བསལ་བྱའི་མུན་པ་སྣང་བའི་དངོས་སུ་གནོད་བྱ་ཡིན་ལ། གཞི་དེར་སྣང་བ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་དེའི་བསལ་བྱའི་མུན་པ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ། གཞི་དེར་སྣང་བ་སྐྱེ་བ་རྫོགས་ཟིན་པ་དང་། དེའི་བསལ་བྱའི་མུན་པ་འགག་པ་རྫོགས་ཟིན་པ་དུས་མཉམ་པ་དེའི་དོན་ཡིན་པའི་ཕྱིར། ཚ་རེག་དང་དེའི་བསལ་བྱའི་གྲང་རེག་གཉིས་དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དོན་ཡོད་དེ། དེ་གཉིས་ཀྐད་ཅིག་དང་པོ་ལ་འཕྲད། གཉིས་པ་ལ་ཚ་རེགགིས་གྲང་རེག་གི་རྒྱུན་ནུས་ཆུང་དུ་བྱས། གསུམ་པ་ལ་ཚ་གིས་གྲང་རེག་གི་རྒྱུན་ནུས་མེད་དུ་བསྐྱེད། དེ་ཕན་ཆད་ལ་ཚ་རེག་གིས་གྲང་རེག་གི་རྒྱུན་ལ་གནོད་པར་བྱེད་པ་ཡིན་པའི་ཕྱིར། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་བཤད་པའི་རྒྱུ་མཚན་ཡོད་དེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་སྤངས་ཚུལ་ཤེས་པའི་ཆེད་དུ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་སྐད་ཅིག་དང་པོ་ལ་འཕྲད། གཉིས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་གྱི་རྒྱུན་ནུས་ཆུང་དུ་བྱས། གསུམ་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་གྱི་རྒྱུན་ནུས་མེད་དུ་བསྐྱེད། དེ་ཕན་ཆད་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་གྱི་རྒྱུན་ལ་གནོད་པར་བྱེད་པ་ཡིན་པའི་ཕྱིར། ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་དང་ལྷན་ཅིག་མི་གནས་འགལ་གྱི་ཚད་མས་གནོད་འགལ་བཞག་ཏུ་ཡོད་དེ། དུ་བ་དྲག་འཕྱུར་བ་དང་གྲང་རེག་གཉིས་དེ་དེ་ཡིན་པའི་ཕྱིར། དུ་བ་དྲག་འཕྱུར་བ་དང་གྲང་རེག་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན་ཏེ། དུ་བ་དྲག་འཕྱུར་བས་གྲང་རེག་ལ་དངོས་སུ་གནོད་མི་ཐུབ་ཀྱང་། གང་ན་དུ་བ་དྲག་འཕྱུར་བ་ཡོད་པའི་གཞིར་མེ་ཡོད་དགོས་ལ། མེས་གྲང་རེག་ལ་དངོས་སུ་གནོད་པའི་སྒོ་ནས་དུ་བ་དྲག་འཕྱུར་ཐ་དད་གྲང་རེག་གཉིས་ལྷན་ཅིག་མི་གནས་འགལ་གྱི་ཚད་མས་གནོད་འགལ་དུ་བཞག་པ་ཡིན་པའི་ཕྱིར།
དེ་ལ་རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། བྱ་རོག་དང་འུག་པ་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་ཡིན་པའི་ཕྱིར་ཟེར་ན་རྟགས་མ་གྲུབ་པ་ཡིན་ཏེ། དེ་གཉིས་དངོས་སུ་གནོད་བྱ་གནོད་བྱེད་ཀྱང་མིན་ལ་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བྱ་རོག་དེ་འུག་པའི་དངོས་སུ་གནོད་བྱེད་མིན་ལ། འུག་པ་དེ་བྱ་རོག་གི་དངོས་སུ་གནོད་བྱ་ཡང་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་རྒྱལ་ཕམ་མཐའ་གཅིག་ཏུ་མ་ངེས་པ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་རེས་བྱ་རོག་རྒྱལ་བར་འགྱུར་བ་དང་རེས་འུག་པ་རྒྱལ་བར་འགྱུར་བ་ཕལ་པ་རྣམས་ཀྱིས་མངོན་སུམ་དུ་གྲུབ་པ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་པ་ཡིན་ཏེ། དེ་གཉིས་འཕྲད་ཙམ་ནས་གཅིག་གིས་གཅིག་གི་རྒྱུན་ནུས་ཆུང་དུ་བྱེད་པས་མ་ཁྱབ་པ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་འཕྲད་ཙམ་ནས་གཅིག་གིས་གཅིག་གི་རྒྱུན་ནུས་ཆུང་དུ་མ་བྱས་པར་རྒྱུན་ནུས་མཚུངས་སུ་འགྲོག་པའི་ཀྐབས་དུ་མ་ཡོད་པའི་ཕྱིར།
ཁ་ཅིག་ན་རེ། བྱམས་པ་དང་ཞེ་སྡང་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བ་ཡིན་པའི་ཕྱིར། དེར་ཐལ། བྱམས་པ་ཞེ་སྡང་གི་དངོས་སུ་གནོད་བྱེད་དང་ཞེ་སྡང་བྱམས་པའི་དངོས་སུ་གནོད་བྱ་ཡིན་ལ་དེ་གཉིས་འཕྲད་པའི་སྐད་ཅིག་གཉིས་པར་བྱམས་པས་ཞེ་སྡང་གི་རྒྱུན་ནུས་ཆུང་དུ་བྱེད་པ་ཡིན་པའི་ཕྱིར་ གོང་དུ་འདོད་མི་ནུས་ཏེ། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། ། ཤིན་ཏུ་ཉེས་པ་ཚར་གཅོད་མིན། ། ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། ལུང་དེའི་དོན་ནི་བྱམས་པས་ཞེ་སྡང་གི་དངོས་གཉེན་བྱེད་མི་ཐུབ་ཅེས་པའི་དོན་ཡིན་པའི་ཕྱིར།
ཁ་ཅིག་ན་རེ། རྟག་མི་རྟག་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པར་ཐལ། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། ཁྱོད་གཉིས་པོ་གང་རུང་མ་ཡིན་པའི་ཕུང་སུམ་པ་མི་སྲིད་པར་ཐལ། ཁྱོད་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། ཁྱོད་གཉིས་པོ་གང་རུང་མ་ཡིན་པའི་ཕུང་སུམ་པ་སྲིད་པར་ཐལ། རི་བོང་རྭ་དེ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། རི་བོང་རྭ་དེ་དེ་གཉིས་སོ་གང་རུང་མ་ཡིན་པའི་ཕུང་སུམ་པ་ཡིན་ཀྱང་དེ་གཉིས་པོ་གང་རུང་མ་ཡིན་པའི་ཕུང་སུམ་པ་ཡོད་མི་དགོས་པ་ཡིན་པའི་ཕྱིར། དེར་ཐལ། རྟག་མི་རྟག་གཉིས་པོ་གང་རུང་མ་ཡིན་པའི་ཆོས་མེད་པའི་ཕྱིར། །
རྩོམ་སྒྲིག་པ། བློ་བཟང་བཀྲ་ཤིས།