འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་མདོར་བསྡུས།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  མི་ཉག་མགོན་པོ།   ཀློག་གྲངས།  

འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་འཁྲུངས་ཡུལ་ནི། ཀན་སུའུ་ཁོངས་བསང་གཞུང་དུ་ལུང་ཕྲན་མང་པོ་ཡོད་པའི་ནང་ཚན་རྒན་གྱ་སྨད་ཀྱི་ཆར་གཏོགས་པ་ཁྲ་དིང་ཞེས་པའི་ཡུལ་ཡིན། རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་བའི་༡༦༤༨ ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ། ཡབ་དཔའ་འབུམ་རྒྱལ་དང་ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་འཁྲུངས།  དགུང་ལོ་བདུན་པར་ཡབ་ཀྱི་གཅེན་པོ་དགེ་སློང་བསོད་ནམས་ལྷུན་གྲུབ་གྱི་མདུན་ནས་འབྲི་ཀློག་དང་ལྷ་རིས་བཅས་སྦྱངས། དགུང་ལོ་བཅུ་གསུམ་པར་ཁྱུ་མཆོག་ཡེ་ཤེས་རྒྱ་མཚོའི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་བླངས། མཚན་བློ་བཟང་རྒྱལ་མཚན་གསོལ། དགུང་ལོ་བཅུ་དྲུག་ནས་ཉི་ཤུ་བར། སྐུ་ཆིངས་མི་བགྲོལ་བར་གཟིམས་པ་སོགས་དཀའ་སྤྱད་དང་དགེ་སྦྱོར་མཛད་ཅིང་། སྔགས་ཀྱི་བཀླག་ཐབས་དང་། སྨན་དཔྱད།  རྩིས་སོགས་སྦྱངས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས། འབྲས་སྤུང་སྒོ་མང་གྲྭ་ཚང་དུ་སློབ་གཉེར་མཛད། དགུང་ལོ་ཉེར་དྲུག་པར་གསང་ཕུར་ས་དགེ་གྲྭ་ཚང་བཅུ་གཅིག་ཚོགས་པའི་དབུས་སུ་དམ་བཅའ་བཞག མཁས་པའི་གྲགས་པ་དབུས་གཙང་ཡོངས་སུ་ཁྱབ། དགུང་ལོ་ཉེར་བདུན་པར་ལྔ་བ་ཆེན་པོའི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། འཇམ་མགོན་བློ་གྲོས་རྒྱ་མཚོ། ལྕང་སྐྱ་ངག་དབང་ཆོས་ལྡན། བཀའ་འགྱུར་སྡྱིན་པ་རྒྱ་མཚོ། རྒྱལ་སྲས་མེར་རྒན་སོགས་བླ་མ་མང་དུ་བསྟེན། དགུང་ལོ་སོ་གཉིས་པར་རི་བོ་དགེ་འཕེལ་དུ་ཕེབས། ལོ་ཉི་ཤུའི་རིང་སྔགས་ཀྱི་སྐོར་གསན་སྦྱོང་མཛད།  དགུང་ལོ་ང་གསུམ་པར་རྒྱལ་དབང་ཚང་དབྱངས་རྒྱ་མཚོས་སྒོ་མང་གི་བླ་མར་བསྐོས་ནས་གདན་ཁྲིར་ཕེབས། སྐབས་དེར་གཞུང་པོ་ལྔའི་འཆད་ཉན་དང་གསུང་ཆོས་རྩོམ་པ་ཁོ་ནས་དུས་འདའ་བར་མཛད། དགུང་ལོ་དྲུག་ཅུ་པར་ལྷ་བཟང་ཁང་ནས་ཕ་བོང་ཁའི་གདན་ས་ཕུལ་ནས་ཁྲིར་ཕེབས། ལོ་གསུམ་ཙམ་བཞུགས། དགུང་ལོ་རེ་གཅིག་པ་ས་མོ་གླང་གི་ལོའི ༡༧༠༩ ཟླ་བ་དགུ་པར་མདོ་སྨད་དུ་ཕྱིར་ཕེབས། ལྕགས་ཕོ་སྟག་གི་ལོའི ༡༧༡༠ ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་བླ་བྲང་དགོན་གསར་འདེབས་ཀྱི་དབུ་བཙུགས། དགུང་ལོ་དོན་གསུམ་པ་ལྕགས་ཕོ་བྱི་བའི་ལོ ༡༧༢༠ ལ་གོང་མ་ཁང་ཤི་ནས་པཎྜི་ཏ་ཨེརྟེ་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་བསྩལ། དགུང་ལོ་དོན་བཞི་བ་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་གི་ལོའི ༡༧༢༡ ཟླ་གཉིས་པའི་ཚེས་ལྔ་ལ་སྐུ་གཤེགས་སོ། ། ཁོང་གི་གསུང་ནི་ཀ་ནས་བའི་བར་པོད་བཅོ་ལྔ་བཞུགས་སོ།།


བརྒྱུད་འགོད།
0