མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

སྤེལ་དུས།  2017-12-14   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  མི་ཉག་མགོན་པོ།   ཀློག་གྲངས།  

རོང་བོ་དགོན་གྱི་བླ་མ་དགེ་འདུན་རྒྱ་མཚོ་ནི། མདོ་སྨད་རེབ་གོང་གི་ཡུལ་དུ། ཡབ་ཚེ་ཐར་སྐྱབས་དང་། ཡུམ་ལྷ་མོ་སྐྱབས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་མོ་ལུག་གི༡༦༧༩ལོ་ལ་འཁྲུངས། དགུང་ལོ་བཅུ་པར་རོང་བོ་དངོས་གྲུབ་མདུན་ནས་རབ་ཏུ་བྱུང་། མཚན་དགེ་འདུན་དོན་གྲུབ་གསོལ། དེ་ནས་རོང་བོའི་གྲྭ་ཚང་དུ་ཞུགས། བསྡུས་གྲྭ་སོགས་སྦྱངས། སྐབས་དེར་དར་ཞིང་གི་བདག་པོ་བླ་མ་བསམ་གཏན་རྒྱ་མཚོ་ནས་དར་ཞིང་གི་གདན་ས་འཛིན་དགོས་པའི་བཀའ་ནན་ཆེན་གནང་བར་བརྟེན། ཁོང་གིས་དར་ཞིང་གི་གདན་ས་བཟུང་། མཚན་དགེ་འདུན་རྒྱ་མཚོར་གསོལ།  དགུང་ལོ་ཉེར་ལྔའི་བར་གཞུང་པོད་རྣམས་ལ་གསན་སྦྱོང་མཛད། མདོ་སྨད་དགོན་སྡེ་ཁག་ཏུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་རྗེས། རྒྱལ་མཁན་པོ་དང་མཉམ་དུ་དགུང་ལོ་ཉེར་དྲུག་པར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སྒོ་མང་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་མདུན་ནས་ཆོས་མང་པོ་ཞུས་ཤིང་སློབ་གཉེར་ལེགས་པར་མཛད།  དགུང་ལོ་སོ་དྲུག་པར་ལྷ་ས་སྨོན་ལམ་ཆེན་པོའི་ཐོག་དགེ་འདུན་ཁྲི་ཕྲག་བརྒལ་བའི་དབུས་སུ་གཞུང་པོད་ལྔའི་བཤད་པ་དང་རྩོད་པ་བྱས་པས་གཟུར་གནས་མཁས་པ་ཡོངས་ཀྱིས༌བསྟོད་བསྔགས་བྱས། རབ་འབྱམས་པའི་མིང་རྟགས་བླངས། དགུང་ལོ་བཞི་བཅུ་པར་སྡེ་བ་གཞུང་ནས་ཁོང་གཙང་དཔལ་འཁོར་ཆོས་སྡེའི་མཁན་པོར་བསྐོས། དེ་རྗེས་རྩེ་ཆེན་ཆོས་སྡེའི་གདན་སའང་བཟུང་ནས། དགོན་པ་བཞེངས་གསོ་དང་སྒྲིག་ལམ་ཀུན་སྤྱོད་ལེགས་བཅོས། ཆོས་འཆད་ཉན་གྱི་སྲོལ་གསར་བཙུགས་སོགས་ཆོས་ཀྱི་བྱ་བ་ལེགས་པར་མཛད་ཅིང་། པཎ་ཆེན་བློ་བཟང་ཡེ་ཤེས་མདུན་དམ་པའི་ཆོས་མང་དུ་ཞུས། རྒྱལ་དབང་སྐལ་བཟང་རྒྱ་མཚོའི་དྲུང་ནས་ཀྱང་བཀའ་ཆོས་མང་པོ་གསན། དེ་ནས་དགུང་ལོ་ལྔ་བཅུ་ང་ལྔ་པར་མདོ་སྨད་རེབ་གོང་ཕྱོགས་ཀྱི་རོང་བོ་དགོན་དུ་ཚུར་ཕེབས་ཏེ་གདན་ས་བཟུང་། མདོ་སྨད་ཕྱོགས་ཀྱི་དགོན་ཁག་ཡོངས་སུ་ཕེབས་ཤིང་འཆད་ཉན་ཉམས་ལེན་གྱི་བྱ་བ་རྒྱ་ཆེར་སྤེལ། དགུང་ལོ་བརྒྱད་ཅུ་གྱ་བདུན་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཤིང་མོ་བྱའི་ལོ་༡༧༦༥ལ་འདས་སོ། །ཁོང་གི་གསུང་རྩོམ་ནི་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་ཀ་ནས་གའི་བར་པོད་གསུམ་བཞུགས་སོ།།


བརྒྱུད་འགོད།
0