རྒྱལ་ཡོངས་སྐབས་ལྔ་བའི་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་པཎ་ཆེན་ཚད་མའི་སློབ་གླིང་དུ་གཟབ་རྒྱས་ངང་བསྡུས་པ།

སྤེལ་དུས།  2017-09-07   ཡོང་ཁུངས།  པན་ཆེན་ཚད་མའི་སློབ་གླིང་།     རྩོམ་པ་པོ།  བྱང་ཆུབ།   ཀློག་གྲངས།  

微信图片_20170907134222.jpg

2017ལོའི་སྤྱི་ཟླ8པའི་ཚེས6ནས12བར། ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས། པཎ་ཆེན་ཚད་མའི་སློབ་གླིང་བཅས་ཀྱིས་རྒྱལ་ཡོངས་སྐབས་ལྔ་བའི་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་པཎ་ཆེན་ཚད་མའི་སློབ་གླིང་དུ་བསྡུས་ཤིང་།   ཟབ་སྦྱོང་ལ་ཞུགས་མཁན་ལ་ཧང་ཀྲིག་ནང་བསྟན་སློབ་གྲྭ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་།  ཆིང་ཧྭ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཀྲེ་ཅིང་བཟོ་ཚོང་སློབ་ཆེན། ནང་སོག་དགེ་འོས་སློབ་ཆེན། ནུབ་བྱང་དགེ་འོས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན། ལང་ཧྥང་འཕྲོད་བསྟེན་ལས་རིགས་སློབ་གྲྭ་སོགས་སློབ་ཆེན་མི་འདྲ་བ་བཅུ་དྲུག་དང་། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་ཀྱི་སློབ་མ་༢༨སྐབས་འདིའི་ཟབ་སྦྱོང་དུ་ཞུགས་ཡོད།  ཚེས་7ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ་གྱིས་ཐེངས་འདིའི་སློབ་མགོ་བསྡུ་བའི་མཛད་སྒོའི་མགོ་འཛིན་མཛད་དེ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོ་དང་། སློབ་གཙོ་གཞོན་པ་དགེན་དཀོན་མཆོག་རྒྱ་མཚོ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དགེན་དགེ་འདུན་བཅས་ཀྱིས་མཛད་སྒོའི་གཏམ་བཤད་གནང་ཏེ། ཚད་མ་རིག་པའི་གལ་ཆེན་རང་བཞིན་དང་། ཁྱད་པར་པཎ་ཆེན་ཚད་མའི་སློབ་གླིང་གིས་ཚད་མ་རིག་པ་རྒྱུན་འཛིན་ཐད་ཀྱི་ཁ་ཕྱོགས་དང་དམིགས་ཡུལ་དང་། ལྷག་པར་དུ་2014ལོའི་ཟླ་8པར་རྒྱལ་ཡོངས་སྐབས་བཅུ་བའི་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་དུ་ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་ནས་བཟུང་། ཚད་མ་རིག་པའི་རྗེས་སྐྱོང་ཤེས་ལྡན་མི་སྣའི་ཟབ་སྦྱོང་འཛིན་གྲྭར་སྔ་ཕྱིར་ཐེངས་གཉིས་ལ་འཛིན་གྲྭ་སྒྲུབ་པ་སོགས་ཚད་མ་རིག་པའི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་བཏོན་དང་འདོན་བཞིན་པ་སོགས་གླེང་བ་དང་།  མཇུག་མཐར་སློབ་གྲོགས་ཡོངས་ཀྱིས་གོ་སྐབས་བཟང་པོ་དམ་འཛིན་བཅས་ཏེ། སློབ་སྦྱོང་ཡག་པོ་ཞིག་བྱེད་པའི་རེ་བ་ཆེན་པོ་བཅོལ།

微信图片_20170907134201.jpg

ཐེངས་འདིར་སྒར་བ་ངག་དབང་བཟང་པོ་དང་། སློབ་དཔོན་ཆེན་མོ་དགེ་འདུན། དགེ་བའི་བཤེས་གཉེན་ཆེན་མོ་གནས་བརྟན། སློབ་དཔོན་ཆེན་མོ་ཧྲོན་ཀྲིན།  ཧྭེ་ཀོན་ཧོ་ཤང་། དགེ་བཤེས་དཀོན་མཆོག་རྒྱ་མཚོ་བཅས་ཀྱིས་སློབ་ཁྲིད་ལ་བསྟེན་ནས་བོད་བརྒྱུད་ཚད་མ་རིག་པའི་བསྡུས་གྲྭ་དང་དེའི་རིགས་ལམ་ཀྱི་རྣམ་བཞག  རྒྱ་བརྒྱུད་ཚད་མ་རིག་པའི་ནང་དོན་འབྲེལ་བའི་སློབ་ཁྲིད་གནང་།  བོད་ཀྱི་ཚད་མ་རིག་པའི་སློབ་སྦྱོང་བྱེད་སྟངས་བེད་སྤྱད་དེ་ཚད་མའི་སློབ་གླིང་གི་སློབ་མ་དང་ཟབ་སྦྱོང་ལ་ཞུགས་མཁན་གྱི་སློབ་གྲོགས་ཕན་ཚུན་བར་རྟགས་གསལ་གྱི་རྩོད་པ་བྱས་ཤིང་།  སློབ་གྲོགས་རྣམས་ཀྱིས་ཚད་མ་རིག་པའི་བསམ་གཞིགས་བྱེད་སྟངས་རྒྱ་སྐད་ཀྱི་ལམ་ནས་རྟགས་གསལ་འཕེན་པ་སོགས་ལ་སྦྱངས་འབྲས་མི་དམན་པ་ཐོབ།  གཞན་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་སློབ་གྲོགས་ཡོངས་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན། ཚེས་10ཉིན་པུས་མདོ་དགོན་ཆེན་དུ་སྒར་བ་ངག་དབང་བཟང་པོ་མཆོག་གིས་འགན་བཞེས་ཏེ་པུས་མདོ་དགོན་ཆེན་དུ་དགེ་སློབ་ཡོངས་ཀྱིས་གཟི་ཚ་སྡེ་དགུ་དང་ཤིན་ཅང་ཅིན་ཧུ་རྫོང་གི་ས་འགུལ་གནོད་ཐེབས་མང་ཚོགས་ལ་སྐྱབས་འཇུག་སྨོན་ལམ་ཞུ་བ། འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་དྲུང་དུ་མར་མེའི་མཆོད་པ་བཤམས། གཞན་སྐུ་འབུམ་བྱམས་པ་གླིང་དང་། ཟི་ལིང་ཙོང་ཁ་དགོན། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་ཁང་སོགས་སུ་ཕྱིན་ནས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱུང་།

微信图片_20170907134208.jpg

ཚེས་11ཉིན་སློབ་མ་དང་གྲྭ་སློབ་བར་རྩོད་པའི་བྱ་འགུལ་སྤེལ་རྗེས། སློབ་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་ཀྲུང་གོ་གཏན་ཚིགས་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཧྭེ་ཀོན་ཧོ་ཤང་གིས་སྐབས་འདིའི་ཚད་མའི་ཟབ་སྦྱོང་འཛིན་གྲྭའི་འགན་སྒྲུབ་ལས་ཁུངས་པཎ་ཆེན་ཚད་མའི་སློབ་གླིང་ལ་བཀའ་དྲིན་ཞུས། དགེན་དཀོན་མཆོག་རྒྱ་མཚོས་མཇུག་བསྡུས་པའི་གཏམ་བཤད་གནང་། སློབ་མའི་མཐུས་ཚབ་མི་སྣས་ཐེངས་འདིའི་སློབ་སྦྱོང་གི་གནས་ཚུལ་ཞུས་བྱས། དེ་དང་ལྷན་དུ་སྒར་བ་ངག་དབང་བཟང་པོ་དང་། ཧྭེ་ཀོན་ཧོ་ཤང་། དྲུང་ཡིག་ཆེན་མོ་མཁའ་འབུམ་བཅས་ཀྱིས་སློབ་གྲོགས་ཡོངས་ལ་སློབ་མཇུག་སྒྲིལ་བའི་ལག་རྟགས་ཕུལ། 

ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས་སློབ་གྲོགས་ཡོངས་ཀྱིས་རྒྱ་བོད་ཚད་མ་དང་རིག་གཞུང་ལ་ཞིབ་འཇུག་བྱེད་སྟངས་ལ་བག་ཆགས་ཟབ་མོ་བཞག་ཞིང་། རྒྱ་བོད་ཚད་མ་རིག་པའི་རིག་གཞུང་རྒྱུད་འཛིན་ཐད་ལ་རྨང་གཞི་ཟབ་མོ་བཏང་བ་ཡིན་ནོ།། 

微信图片_20170907134227.jpg

བརྒྱུད་འགོད།
0